མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་རྒྱ་ཆེའི་མཐོ་སློབ་སློབ་ཐོན་སློབ་མར་འཕྲིན་ལན་སྤྲིངས་ནས་མི་སྒེར་གྱི་ཕུགས་བསམ་དོན་གཉེར་བྱ་རྒྱུ་དེ་
ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་ཁྲོད་མཉམ་འདྲེས་བྱས་ཏེ་ཏང་དང་། མེས་རྒྱལ། མི་དམངས་བཅས་ཀྱི་
ཆེད་དུ་ལེགས་སྐྱེས་མང་ཙམ་འབུལ་དགོས་པའི་མངགས་བཅོལ་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 07ཚེས་10ཉིན། 10:35】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཟླ་7ཚེས་7ཉིན་ཀྲུང་གོ་རྡོ་སྣུམ་སློབ་ཆེན(པེ་ཅིང)ཁེ་ལ་མ་དབྱི་སློབ་ཁུལ་གྱི་སློབ་ཐོན་སློབ་མར་འཕྲིན་ལན་སྤྲིངས་གནང་ནས་ཁོང་ཚོས་མཐའ་མཚམས་གཞི་རིམ་དུ་ལས་དོན་བསྒྲུབ་རྒྱུའི་གདམ་ག་བྱས་པར་ཁས་ལེན་གནང་བ་དང་རྒྱ་ཆེའི་མཐོ་སློབ་སློབ་ཐོན་སློབ་མར་ཐུགས་རེ་ཟབ་མོ་གནང་བ་རེད།
     ཞི་ཅིན་ཕིང་གིས་འཕྲིན་ལན་ནང་། ཁྱེད་ཚོ་སློབ་གྲོགས་118སློབ་གྲྭ་ཐོན་རྗེས། ཤིན་ཅང་གི་གཞི་རིམ་དུ་ལས་ཀ་བྱེད་པར་བསྐྱོད་དེ། མི་རིགས་ཁག་གི་མང་ཚོགས་དང་མཉམ་དུ་འབད་འཐབ་ཀྱིས་ནུས་པ་ཆེན་པོ་ཐོན་ལ། འགན་འཁྲི་ལྕི་པོ་འཁུར་ཐུབ་པའི་ནུབ་རྒྱུད་འཛུགས་སྐྲུན་པ་ཞིག་ཏུ་ཧུར་ཐག་འགྱུར་བ་བྱ་རྒྱུ་ཡིན་པ་ཤེས་བྱུང་བས། ངས་ཁྱེད་ཚོའི་མི་ཚེའི་གདམ་ག་དེར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་འཁོད་ཡོད་པ་རེད།
     ཞི་ཅིན་ཕིང་གིས་བསྟན་གནང་དོན། ད་ཐེངས་ཀྱི་ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་འགོག་རྒོལ་བྱེད་པའི་ཛ་དྲག་ཆེ་བའི་འཐབ་རྩོད་ཁྲོད། ཁྱེད་ཚོ་ལོ་འདི་གའི་སློབ་ཐོན་སློབ་མ་ཚོར་ཞུན་བརྡར་ཐེབས་ཤིང་འཚར་ལོངས་བྱུང་ཡོད་ལ། ཁྱེད་ཚོར“ཁྲལ་སེལ་སླ་བཅོས་སྤང་གྱུར་ན། གྲུབ་འབྲས་ཐོབ་པར་གདོན་མི་ཟ། དཀའ་བ་ཁྱད་དུ་བསད་ནུས་ཚེ། བདེ་མོའི་ཐང་དུ་སླེབས་ལ་ངེས”ཞེས་པའི་གནས་ལུགས་དངོས་སུ་མྱོང་ཚོར་ཐུབ་ཡོད། མདུན་སྐྱོད་ཀྱི་ལམ་བུ་ནི་ཐོགས་མེད་བདེ་བགྲོད་ཁོ་ན་ཡིན་མི་སྲིད། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་གཞོན་ནུ་མི་རབས་ནས་མི་རབས་བར་གྱི་འབད་འབུངས་ཧུར་ཐག་བྱེད་དགོས། སློབ་གྲོགས་ཚོར་གོ་སྐབས་བཟང་པོ་ཏག་ཏག་འཕྲད་པ་དང་འགན་འཁྲི་ལྕི་པོ་ཕྲག་ཏུ་ཁུར་དགོས་ཀྱི་ཡོད། རེ་བར་རྒྱལ་ཡོངས་ཀྱི་རྒྱ་ཆེའི་མཐོ་སློབ་སློབ་ཐོན་སློབ་མས་ཕུགས་འདུན་ཆེན་པོ་འཆང་བ་དང་ཏན་ཏན་ཏིག་ཏིག་གི་སྒོ་ནས་ཉེན་ཁ་དང་དཀའ་སྡུག་ལ་མི་འཛེམས་པར་དུས་རབས་ཀྱི་འགན་འཁྲི་འཁུར་ཕོད་པ་བྱས་ཏེ་མི་སྒེར་གྱི་ཕུགས་བསམ་དོན་གཉེར་བྱ་རྒྱུ་དེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁྲོད་མཉམ་འདྲེས་བྱས་ཐོག་ཏང་དང་། མེས་རྒྱལ། མི་དམངས་བཅས་ཀྱི་ཆེད་ལེགས་སྐྱེས་མང་ཙམ་འབུལ་དགོས།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་སྤྱི་ཚོགས་ལས་རིགས་ཁག་གིས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་ཏན་ཏིག་དང་ཡག་པོ་སྤེལ་ནས་བྱེད་ཐབས་ནུས་ལྡན་སྤྱད་དེ་ཏོག་གསར་གློ་ཚད་རིམས་ནད་ལས་བྱུང་བའི་ཤུགས་རྐྱེན་ངན་པ་ཁྱད་བསད་བྱེད་པ་དང་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཐད་ཐབས་བརྒྱ་ཇུས་སྟོང་གིས་རོགས་རམ་བྱས་ཐོག་མཐོ་སློབ་སློབ་ཐོན་སློབ་མས་རང་སོ་སོའི་ལས་གནས་ཐོག་ཏང་དང་མི་དམངས་ཆེད་བྱས་རྗེས་འཇོག་པ་དང་བྱ་གཞག་གཏོད་རྒྱུར་སེམས་རྩ་འཁོལ་པོས་རྒྱབ་སྐྱོར་བྱེད་དགོས།
     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་ལ་ཐུགས་ཁུར་ཧ་ཅང་ཆེན་པོ་གནང་ནས་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་བ་རེད། ཀྲུང་གོ་རྡོ་སྣུམ་སློབ་ཆེན(པེ་ཅིང)ཁེ་ལ་མ་དབྱི་སློབ་ཁུལ་གྱིས་2016ལོ་ནས་བཟུང་སློབ་མ་བསྡུ་འགོ་བཙུགས་ཤིང་། སྐབས་དང་པོའི་སློབ་ཐོན་སློབ་མ་435དེ་དག་རྒྱལ་ཡོངས་ཀྱི་ཞིང་ཆེན་16ནས་ཡོང་བ་དང་མིག་སྔར་སྤྱི་ཡོངས་ནས་ལས་ཞུགས་ཐུབ་ཚད་85%ཙམ་ཟིན་པའི་ནང་། མི་118ཀྱིས་ཤིན་ཅང་གི་གཞི་རིམ་དུ་ལས་ཀ་བྱེད་པར་གདམ་ག་བྱས་པ་རེད། ཉེ་ཆར་སློབ་ཐོན་སློབ་མ་118དེ་དག་གིས་སྤྱི་ཁྱབ་ཧྲུའུ་ཅིར་འཕྲིན་ཡིག་སྤྲིངས་ནས་སློབ་ཆེན་ལོ་བཞི་འགྲིམ་པའི་རིང་གི་སློབ་སྦྱོང་དང་བསམ་བློའི་ཐད་ཀྱི་གྲུབ་འབྲས་སྙན་སེང་ཞུས་ཏེ་ནུབ་རྒྱུད་དུ་གཞི་ཚུགས་པ་དང་མཐའ་མཚམས་འཛུགས་སྐྲུན་བྱེད་པའི་ཆོད་སེམས་བརྟན་པོ་མཚོན་པར་བྱས་པ་རེད།

  
style="display:none;"