མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་ཕ་ཕུ་ཡ་ཀུའི་ནེ་ཡའི་པུ་ཐུའུ་ཁཱ་སློབ་གྲྭར་འཕྲིན་ལན་སྤྲིངས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 07ཚེས་08ཉིན། 10:23】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕ་ཕུ་ཡ་ཀུའི་ནེ་ཡའི་པུ་ཐུའུ་ཁཱ་སློབ་གྲྭར་འཕྲིན་ལན་སྤྲིངས་ཤིང་། ཞི་ཅིན་ཕིང་གི་འཕྲིན་ཡིག་ནང་2018ལོར་ཕ་ཕུ་ཡ་ཀུའི་ནེ་ཡར་འཚམས་འདྲི་གནང་སྐབས་པུ་ཐུའུ་ཁཱའི་སློབ་གྲྭ་སྤྱོད་འགོ་ཚུགས་པའི་མཛད་སྒོར་ཞུགས་པའི་གནས་ཚུལ་ཐུགས་སྣང་གཤིན་པོས་ཕྱིར་དྲན་དང་སློབ་གྲྭའི་སློབ་གཉེར་གྲུབ་འབྲས་ལ་ཁས་ལེན་གནང་བ་མ་ཟད། སློབ་གྲྭས་ཉེ་དུས་ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ཁྱད་བསད་བྱས་ནས་སློབ་ཚན་སླར་གསོ་ཐུབ་པར་ཧ་ཅང་དགའ་པོ་བྱུང་ཞེས་གསུངས་གནང་བ་དང་འབྲེལ། ཀྲུང་གོ་ཕྱོགས་ཀྱིས་སློབ་གྲྭའི་འཕེལ་རྒྱས་ལ་དགོས་ངེས་ཀྱི་རྒྱབ་སྐྱོར་དང་རོགས་རམ་མུ་མཐུད་བྱ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།
     དེ་གོང་ཕ་ཕུ་ཡ་ཀུའི་ནེ་ཡའི་པུ་ཐུའུ་ཁཱ་སློབ་གྲྭས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སློབ་གྲྭའི་འཕེལ་རྒྱས་ལ་ཐུགས་ཁུར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ཀྲུང་གོ་ཕྱོགས་ཀྱིས་གོ་ལ་ཧྲིལ་པོས་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་གཏོད་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་བར་ཚད་མཐོའི་གདེང་འཇོག་བྱས་པ་དང་འབྲེལ། ཀྲུང་གོ་ཕྱོགས་ཀྱི་རོགས་རམ་འོག་སློབ་གྲྭས་རིམས་ནད་ཀྱི་ཤུགས་རྐྱེན་ཁྱད་བསད་བྱས་ཏེ་སློབ་ཚན་སླར་གསོ་ཐུབ་པ་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད།
     པུ་ཐུའུ་ཁཱའི་སློབ་གྲྭ་དེ་2018ལོའི་ཟླ་11པར་སྤྱོད་འགོ་ཚུགས་པ་ནས་བཟུང་། སློབ་མ་3000ཙམ་བསྡུས་པ་དང་། ས་གནས་དེ་གའི་སློབ་གཉེར་གྱི་ཆ་རྐྱེན་ལེགས་སུ་བཏང་བར་བརྟེན་ཕ་ཕུ་ཡ་ཀུའི་ནེ་ཡའི་སྲིད་གཞུང་དང་དམངས་ཚོགས་ཀྱི་གདེང་འཇོག་ཡག་པོ་མགྲིན་གཅིག་ཏུ་ཐོབ་ཡོད་པ་རེད།

  
style="display:none;"