མི་དམངས་དྲ་བ།

༄༅༎དབང་དབྱང་གིས་བོད་ལྗོངས་སུ་བརྟག་ཞིབ་གནང་སྐབས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་
མཐའ་འཁྱོངས་དང་ལག་བསྟར་བྱས་ཏེ་བོད་ལྗོངས་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་
བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 07ཚེས་09ཉིན། 11:58】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

འདི་ནི་ཟླ་7ཚེས་6ཉིན་དབང་དབྱང་གཞིས་རྩེའི་བསམ་གྲུབ་རྩེ་ཆུས་ལྕགས་འདམ་ཤང་ཀོ་ལྕག་གྲོང་གསར་གྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་གྱི་བོད་རིགས་མང་ཚོགས་ཀྱི་ཁྱིམ་དུ་གཟིགས་པར་ཕེབས་པའི་གནས་ཚུལ་ཡིན་པ།

འདི་ནི་ཟླ་7ཚེས་6ཉིན་དབང་དབྱང་གཞིས་རྩེའི་བསམ་གྲུབ་རྩེ་ཆུས་ལྕགས་འདམ་ཤང་ཀོ་ལྕག་གྲོང་གསར་གྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་གྱི་བོད་རིགས་མང་ཚོགས་ཀྱི་ཁྱིམ་དུ་གཟིགས་པར་ཕེབས་པའི་གནས་ཚུལ་ཡིན་པ།

     མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་གིས་བོད་ལྗོངས་སུ་བརྟག་ཞིབ་གནང་བ་རེད། ཁོང་གིས་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འཐབ་ཇུས་ཀྱི་སྤྱི་ཡོངས་དང་འཛམ་གླིང་ཐོག་ལོ་བརྒྱའི་ནང་བྱུང་མྱོང་མེད་པའི་འཕོ་འགྱུར་ཆེན་པོའི་མཐོ་ཚད་ཐོག་ནས་བོད་ལྗོངས་ཀྱི་ལས་དོན་ལ་ཞིབ་ལྟ་དང་ཇུས་འགོད་བྱེད་པ་དང་། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་གཞི་འཛིན་ས་དང་ཤུགས་རྒྱག་ས་དེར་དམ་པོར་དམིགས་ནས། ཕུགས་ཀྱི་ཐབས་ཇུས་མང་ཙམ་འདོན་པ་དང་རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་མང་ཙམ་སྤྱོད་དགོས། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་མཐའ་གཅིག་ཏུ་སྤེལ་ནས་ཉེན་ཁ་དང་འགྲན་སློང་ཆེན་པོ་སྔོན་འགོག་དང་སེལ་ཐབས་མཐའ་གཅིག་ཏུ་བྱས་ཏེ་བོད་ལྗོངས་ཡུན་རིང་བདེ་འཁོད་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
     ཚེས་6ནས་8ཉིན་བར། དབང་དབྱང་གཞིས་རྩེ་དང་ལྷ་ས་སོགས་སུ་ཕེབས་ནས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་གྲོང་ཚོ་གསར་པ་དང་། གྲོང་གསེབ་དང་འབྲོག་ཁུལ། ཐོན་ལས་གླིང་ཁུལ། ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ་བཅས་སུ་བརྟག་ཞིབ་གནང་བར་ཕེབས་པ་དང་འབྲེལ། ལས་དོན་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ནས་འབྲེལ་ཡོད་ཕྱོགས་ཀྱི་བསམ་འཆར་དང་གྲོས་འགོ་གསན་པ་རེད། ཁོང་གིས། ཉེ་བའི་ལོ་ཤས་རིང་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་ཁྲིམས་ལྟར་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང་བཅས་མཐའ་འཁྱོངས་བྱས་པ་དང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་དཀའ་སྤྱད་ཞིབ་ཚགས་ཀྱི་ལས་དོན་འབོར་ཆེན་བསྒྲུབས་ཡོད། བྱ་གཞག་ཁག་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བས་བོད་ལྗོངས་སུ་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་དང་། སྤྱི་ཚོགས་ཀྱི་སྤྱི་ཡོངས་རྒྱུན་མཐུད་བརྟན་ལྷིང་། མི་དམངས་ཀྱི་འཚོ་བ་བདེ་སྐྱིད་ཁམས་བཟང་། སྣོད་བཅུད་ཁོར་ཡུག་བཟང་པོ་རྒྱུན་འཁྱོངས་བཅས་ཐུབ་པའི་དགའ་འོས་པའི་རྣམ་པ་བཟང་པོ་མངོན་བཞིན་ཡོད་ཅེས་གསུངས་པ་རེད།
     དབང་དབྱང་གིས་མི་རིགས་ཆོས་ལུགས་ལས་དོན་དེ་བོད་ལྗོངས་ཀྱི་ཡུན་རིང་བདེ་འཁོད་དང་འབྲེལ་བ་ཡོད། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་གནད་དུ་བཟུང་ནས་མི་རིགས་མཐུན་སྒྲིལ་གྱི་ལས་དོན་གཏིང་ཟབ་སྤེལ་དགོས་པ་དང་། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་ལོ་རྒྱུས་ལ་ཞིབ་འཇུག་བྱ་རྒྱུར་མཐོང་ཆེན་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོར་ཤུགས་སྣོན་དང་ལེགས་སུ་གཏོང་དགོས། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱོན་ཡོངས་ནས་ཁྱབ་གདལ་བཏང་སྟེ་མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་པའི་ཁྱབ་ཁྱོན་དང་གཏིང་ཚད་རྒྱ་ཆེར་གཏོང་དགོས། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ་གཙོ་གནད་དུ་བཟུང་ནས་ཆོས་ལུགས་ལས་དོན་ལེགས་པར་བསྒྲུབ་དགོས་པ་དང་། དགོན་སྡེ་དང་ཆོས་ལུགས་བྱེད་སྒོར་ཁྲིམས་ལྟར་དོ་དམ་བྱས་ནས་སེར་སྐྱ་མང་ཚོགས་ལ་རྒྱལ་ཁྲིམས་དེ་ཆོས་ཁྲིམས་ལས་ཆེ་བ་དང་ཆོས་དད་མང་ཚོགས་དང་པོ་རྒྱལ་ཁབ་ཀྱི་སྤྱི་དམངས་ཡིན་པའི་སྤྱི་ཚོགས་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུར་ཁྲིད་སྟོན་བྱས་ཏེ། ཆོས་ལུགས་མི་སྣ་གསོ་སྐྱོང་དང་སློབ་གསོར་མཐོང་ཆེན་དང་། རྒྱལ་གཅེས་རིང་ལུགས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་ནས་ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་སྔར་ལས་ལེགས་པ་བྱ་དགོས་ཞེས་ནན་བཤད་གནང་བ་རེད།
     དབང་དབྱང་གིས། ངེས་པར་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་འཕེལ་རྒྱས་ནང་ཞུགས་པའི་འདུ་ཤེས་དང་ཐོབ་ཚོར་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས། འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་མཐུན་སྒྲིལ་ཟབ་ཏུ་གཏོང་བ་དང་མི་སེམས་གོང་བུ་གཅིག་ཏུ་འགྲིལ་རྒྱུར་འཇོག་དགོས། དབུལ་སྒྲོལ་འགག་སྒྲོལ་ནི་དཔལ་འབྱོར་ལས་དོན་ཡིན་ལ་ཆབ་སྲིད་ཀྱི་ལས་འགན་ཡང་ཡིན། བོད་ལྗོངས་ཀྱིས་སློབ་མཚམས་འཇོག་རྒྱུ་ཚོད་འཛིན་དང་སློབ་གྲྭར་ཞུགས་ཚད་འགན་སྲུང་དང་། འཐུང་ཆུའི་བདེ་འཇགས། ཡུལ་ནད་འགོག་བཅོས་བཅས་ཀྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་རྗེས་མཐུད་རོགས་སྐྱོར་ཏན་ཏིག་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་ལས་འགན་སྤུས་ཚད་མཐོ་པོས་ལེགས་སྒྲུབ་བྱས་ཏེ་བོད་ལྗོངས་ཀྱི་མི་རིགས་ཁག་གི་མང་ཚོགས་གཅིག་ཀྱང་མི་ལུས་པར་རྒྱལ་ཡོངས་མི་དམངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་མངོན་འགྱུར་ཡོང་བའི་འགན་ལེན་བྱེད་དགོས། དབུལ་པོར་བསྐྱར་ལོག་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་ནས། ཕྱོགས་ཡོངས་ནས་དབུལ་སྒྲོལ་དང་གྲོང་གསེབ་དར་རྒྱས་སྦྲེལ་མཐུད་ནུས་ལྡན་བྱ་རྒྱུར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་དགོས། སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་བ་དང་ཁྱད་ལྡན་ལེགས་ལྡན་ཐོན་ལས་སྐྱེད་སྲིང་བྱེད་པ་སོགས་བརྒྱུད། རང་ངོས་ཀྱི་འཕེལ་རྒྱས་གཏོང་ནུས་ཆེ་རུ་གཏོང་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་རྒྱུན་འཁྱོངས་བྱས་ནས། དཔལ་འབྱོར་དང་ཐོན་ཁུངས་ཁོར་ཡུག་ཕན་ཚུན་མཐུན་སྦྱོར་གྱི་སྣོད་བཅུད་ཤེས་དཔལ་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བསྐྱོད་དེ་མཛེས་སྡུག་ལྡན་པའི་གངས་ལྗོངས་ས་མཐོ་སྲུང་སྐྱོང་ཡག་པོ་བྱེད་པ་དང་། རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བསྐྲུན་དགོས།
     བརྟག་ཞིབ་གནང་རིང་དབང་དབྱང་གིས་གཞིས་རྩེར་ཡོད་པའི་རང་སྐྱོང་ལྗོངས་ཀྱི་རིམ་ཁག་སྲིད་གྲོས་ཨུ་ཡོན་གྱི་འཐུས་མི་དང་གྲོང་ཁྱེར་སྲིད་གྲོས་ལས་ཁུངས་ཀྱི་ལས་བྱེད་པའི་འཐུས་མིར་གཟིགས་པ་རེད།

འདི་ནི་ཟླ་7ཚེས་7ཉིན། དབང་དབྱང་གིས་གཞིས་རྩེའི་པ་སྣམ་རྫོང་དུ་ཤིང་འབྲས་དང་སྔོ་ཚལ་འདེབས་འཛུགས་ལ་གཟིགས་ཞིབ་གནང་ནས་ལས་མི་མང་ཚོགས་དང་སྤེལ་རེས་གནང་བཞིན་པའི་གནས་ཚུལ་ཡིན་པ།
འདི་ནི་ཟླ་7ཚེས་7ཉིན། དབང་དབྱང་གིས་གཞིས་རྩེའི་པ་སྣམ་རྫོང་དུ་ཤིང་འབྲས་དང་སྔོ་ཚལ་འདེབས་འཛུགས་ལ་གཟིགས་ཞིབ་གནང་ནས་ལས་མི་མང་ཚོགས་དང་སྤེལ་རེས་གནང་བཞིན་པའི་གནས་ཚུལ་ཡིན་པ།

  
style="display:none;"