མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོ་དང་འཐབ་ཕྱོགས་ཁག་ཏུ་འབད་འཐབ་
བྱེད་བཞིན་པའི་རྒྱ་ཆེའི་བུད་མེད་སྤུན་ཟླ་ཚོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་09ཉིན། 12:56】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     མི་དམངས་དྲ་བའི་འཕྲིན། “གསུམ་བརྒྱད”རྒྱལ་སྤྱིའི་ངལ་རྩོལ་བུད་མེད་དུས་ཆེན་འཆར་ལ་ཉེ་བའི་མཚམས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོ་དང་འཐབ་ཕྱོགས་ཁག་ཏུ་འབད་འཐབ་བྱེད་བཞིན་པའི་རྒྱ་ཆེའི་བུད་མེད་སྤུན་ཟླར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་དང་རྒྱལ་ཡོངས་མི་རིགས་ཁག་དང་ལས་རིགས་ཁག་གི་བུད་མེད་སྤུན་ཟླར་དུས་ཆེན་གྱི་འཚམས་འདྲི་གནང་བ་རེད།
     ཞི་ཅིན་ཕིང་གིས་ཏོག་གསར་གློ་ཚད་རིམས་ནད་ཐོན་རྗེས་རྒྱ་ཆེའི་བུད་མེད་སྨན་དོན་ལས་དོན་པས་སྒྲུབ་འོས་ལས་འགན་ཕྱིར་མི་བཤོལ་བ་དང་ཉིན་མཚན་མེད་པར་འབད་འཐབ་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོར་བརྟན་སྲུང་བྱས་ནས་སྲོག་སྐྱོབ་རྨས་སྐྱོར་དང་སྨན་པའི་བྱམས་སེམས་ཀྱི་བླ་ན་མེད་པའི་སྙིང་སྟོབས་མངོན་པར་བྱས་ཡོད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་། སྤྱི་བདེའི་མི་དམངས་ཉེན་རྟོག་པ། ནད་ཡམས་ཚོད་འཛིན་གྱི་ལས་དོན་མི་སྣ། སྡེ་ཁུལ་གྱི་ལས་དོན་མི་སྣ། གསར་འགྱུར་ལས་དོན་མི་སྣ། དང་བླངས་པ་སོགས་ཁྲོད་ཀྱི་བུད་མེད་སྤུན་ཟླ་ཚོས་ལྷག་བསམ་རྣམ་དག་ངང་འགན་འཁྲི་སྒྲུབ་པ་དང་སྙིང་རུས་ཆེན་པོས་འབད་བརྩོན་བྱས་ཏེ་དཀའ་ཚེགས་ཆེ་བའི་ལས་དོན་འབོར་ཆེན་བསྒྲུབས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་རྩོད་ནང་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཚང་མས་རྒྱལ་ཁ་ཐོབ་ངེས་ཀྱི་དད་སེམས་བརྟན་དུ་གཏོང་བ་དང་། དཔའ་ངར་ཆེར་སྐྱེད་ཀྱི་བློ་སྟོབས་རྒྱུན་འཁྱོངས་བྱེད་པ། ཚན་རིག་དང་མཐུན་པའི་འགོག་སྲུང་ཡག་པོ་བྱེད་པ་བཅས་ཀྱི་ཐོག་ནས་རྒྱུན་མཐུད་སྐྱོན་བྲལ་ངང་རིམས་ནད་ལས་རྣམ་པར་རྒྱལ་བའི་འཐབ་རྩོད་ནང་ཞུགས་བའི་རེ་བ་ཡོད་ཅེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོ་དང་འཐབ་ཕྱོགས་ཁག་གི་བུད་མེད་སྤུན་ཟླར་ཐུགས་ཁུར་དང་གཅེས་སྐྱོང་བྱས་ཏེ་རིམས་ནད་སྔོན་འགོག་དང་རིམས་ནད་འགོག་རྒོལ་གྱི་འཐབ་ས་དང་པོའི་བུད་མེད་དཔེ་མཚོན་དྲིལ་བསྒྲགས་ཤུགས་ཆེན་བྱས་ནས་བུད་མེད་དུང་ཕྱུར་མང་པོས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་དམག་འཐབ་དང་། སྤྱི་ཡོངས་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་ལ་རྒྱལ་ཁ་ལེན་ཆེད་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

  
style="display:none;"