མི་དམངས་དྲ་བ།

༄༅༎ལི་ཁེ་ཆང་གིས་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ཀྲུང་དབྱང་གི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོཌ་འདུ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་11ཉིན། 11:05】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     རིམས་ནད་སྔོན་འགོག་ཚོད་འཛིན་གྱི་རྒྱལ་སྤྱིའི་མཉམ་ལས་ཟབ་ཏུ་གཏོང་བ་དང་རིམས་ནད་ཕྱི་ལ་མཆེད་རྒྱུ་དང་ནང་དུ་འགོ་རྒྱུ་སྔོན་འགོག་གི་ལས་དོན་བཀོད་སྒྲིག་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་དངོས་འཛིན་དངོས་སྒྲུབ་ཀྱི་ཕན་འབྲས་དངོས་ཐོན་རྒྱུར་སྐུལ་ལྕག་གཏོང་དགོས་པའི་ནན་བཤད་གནང་བ།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཟླ་3ཚེས་9ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ཀྲུང་དབྱང་གི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ལི་ཁེ་ཆང་གིས་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ཀྲུང་དབྱང་གི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ཝང་ཧུའུ་ཉིང་ཕེབས་ཡོད་པ་རེད།
     ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་ཏན་བྱེད་པ་དང་རིམས་ནད་ལ་ཁ་གཏད་གཅོག་པའི་ཀྲུང་དབྱང་གི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་བཀོད་སྒྲིག་གཞིར་བཟུང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཁག་མུ་མཐུད་དམ་འཛིན་ནན་པོ་དང་། ཏན་ཏིག ཚགས་ཚུད་བཅས་ཡོང་བ་བྱས་ཏེ་རིམས་ནད་ས་ཁོངས་ལས་སྒྲོལ་ནས་མཆེད་རྒྱུར་སྔར་བས་དོགས་ཟོན་བྱེད་པ་དང་འབྲེལ་གོ་རིམ་ལྡན་པའི་ངང་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་ཡོང་བའི་བྱ་ཐབས་དོན་འཁྱོལ་བྱས་ནས་དངོས་འཛིན་དངོས་སྒྲུབ་བྱ་རྒྱུར་སྐུལ་ལྕག་གཏོང་བ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྤོངས་བ་བཅས་ཀྱི་སྒོ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཡོང་བར་སྤྱི་འདོམས་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད།
     ཚོགས་འདུའི་ཐོག་བསྟན་དོན། མིག་སྔར་རྒྱལ་ནང་གི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནས་ཚུལ་མུ་མཐུད་ལེགས་ཕྱོགས་སུ་གོང་འཕེལ་བྱུང་བ་དང་ལྷག་པར་དུ་ཝུའུ་ཧན་གྱི་རིམས་ནད་གང་མྱུར་མཆེད་པའི་གནས་ཚུལ་ཚོད་འཛིན་ཐུབ་པ་ནི་ལས་སླ་པོར་བྱུང་བ་ཞིག་མིན་ལ་དུས་བབ་སྔར་བཞིན་རྙོག་འཛིང་ཆེན་པོ་ཡོད། ལེགས་པའི་ཕྱོགས་སུ་གོང་འཕེལ་འགྲོ་རྒྱུ་མུ་མཐུད་རྒྱ་སྐྱེད་བཏང་ནས་ཁུལ་དབྱེ་རིམ་དབྱེའི་གནད་སྨིན་སྔོན་འགོག་ཚོད་འཛིན་དམ་འཛིན་ཡག་པོ་བྱས་ཏེ་རིམས་ནད་བསྐྱར་ཐོན་སྔོན་འགོག་མཐའ་གཅིག་ཏུ་བྱེད་དགོས། དེ་དང་དུས་མཚུངས་ས་ཁོངས་ཕྱིར་ཏོག་གསར་གློ་ཚད་རིམས་ནད་མགྱོགས་མྱུར་རྒྱ་སྐྱེད་ཕྱིན་པ་ལས་བྱུང་བའི་འགྲན་སློང་གསར་པར་དམིགས་ཏེ་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་མཚམས་འཛུལ་གྲོལ་གྱི་རིམས་འགོག་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེས་གོ་རིམ་དང་བདེ་འཇགས་ལྡན་པའི་ངང་རྒྱལ་སྤྱིའི་མི་སྣ་འགྲོ་འོང་བྱ་རྒྱུར་ཕན་ཐོགས་ཡོད། འགག་སྒོ་མདུན་ཕྱོགས་སུ་སྤོ་རྒྱུར་སྐུལ་མ་གཏོང་བ་དང་། རྒྱལ་མཚམས་འཛུལ་གྲོལ་གྱི་འབྲེལ་ཡོད་ཆ་འཕྲིན་མཉམ་སྤྱོད་ལ་ཤུགས་སྣོན་རྒྱག་པ། ཀྲུང་གོར་ཡོང་མཁན་མི་སྣར་རྒྱལ་མཚམས་ལས་མ་སྒྲོལ་གོང་གཟུགས་པོར་བདེ་ཐང་གི་དཔྱད་ཞིབ་བྱ་རྒྱུར་མཐུན་སྦྱོར་སྐུལ་འདེད་གཏོང་བ། མཁའ་འགྲུལ་གྱི་ཡོ་བྱད་ལ་གཙང་སྦྲ་དུག་སེལ་དང་། འཕྲུལ་ཙུའུ་ལ་འགོག་སྲུང་། བདེ་ཐང་སྙན་ཞུ། ཚ་བ་ལྟ་བ། འཕུར་སྐྱོད་བྱེད་རིང་སྔོན་འགོག་ཚོད་འཛིན་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པ་བཅས་ཀྱི་སྒོ་ནས་ཁུལ་དབྱེ་རིམ་དབྱེ་རིགས་དབྱེའི་ངང་ཕྱི་ནས་མཆེད་རྒྱུའི་ཉེན་ཁར་དོ་དམ་ཚོད་འཛིན་གྱི་བྱ་ཐབས་སྤྱོད་དགོས། རྒྱལ་མཚམས་འཛུལ་གྲོལ་གྱི་མི་སྣར་འགག་སྒོའི་འཕྲོད་བསྟེན་གྱི་ནད་ཡམས་ཞིབ་བཤེར་དང་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལག་ལེན་ནན་པོ་བསྟར་ནས་རིམས་ནད་ཕྱི་ལ་མཆེད་རྒྱུ་ཚོད་འཛིན་ནན་པོ་བྱེད་པ་དང་ཕྱོགས་མཚུངས་འཕྲོད་བསྟེན་ནད་ཡམས་ཞིབ་བཤེར་སྡེ་ཚན་གྱིས་གཏན་འཁེལ་བའི་ནད་དཔེ་དང་། དོགས་ཡོད་ནད་དཔེ། འབྲེལ་བ་དམ་ཟབ་བྱུང་མཁན་སོགས་རྒྱལ་མཚམས་ནང་འཛུལ་མཁན་མི་སྣར་གཏན་འབེབས་གཞིར་བཟུང་རྫས་འགྱུར་དཔྱད་ཞིབ་དང་། བརྒྱུད་འདྲེན། སྨན་བཅོས། ལོགས་སུ་འཇོག་པ། ལྟ་ཞིབ་བྱ་རྒྱུར་འཇོག་པ་སོགས་ཀྱི་བྱ་ཐབས་དོན་འཁྱོལ་བྱས་ནས་མི་ཆོས་ཀྱི་སེམས་ཁུར་ལ་ཤུགས་སྣོན་རྒྱག་དགོས། འབྲེལ་ཡོད་ཀྱི་རྒྱལ་ཁབ་སློབ་གསོའི་སྡེ་ཚན་དང་མཐུན་སྦྱོར་ལམ་སྲོལ་བཙུགས་ནས་ཕྱི་སྦྱོང་སློབ་མ་སོགས་ཕྱོགས་གཉིས་སུ་འགྲོ་སྐྱོད་བྱ་རྒྱུ་གནས་སྐབས་མཚམས་འཇོག་གམ་ཉུང་དུ་གཏོང་དགོས། རང་རྒྱལ་གྱི་ས་ཁོངས་ཕྱིར་ཡོད་པའི་སྤྱི་དམངས་ལ་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་མཛུབ་ཁྲིད་དང་རོགས་སྐྱོར་གྱི་ལས་དོན་ཡག་པོ་སྒྲུབ་དགོས། པེ་ཅིང་སོགས་རྒྱལ་མཚམས་འཛུལ་གྲོལ་གྱི་མི་སྣ་མང་བའི་འགག་སྒོར་ཁྲིམས་བཞིན་རྒྱལ་མཚམས་འཛུལ་གྲོལ་གྱི་རིམས་འགོག་དོ་དམ་ནན་པོ་ལག་ལེན་བསྟར་དགོས།
     ཚོགས་འདུའི་ཐོག་བསྟན་དོན། ཏོག་གསར་གློ་ཚད་ཀྱི་རིམས་ནད་ཐོན་ཚུན་རྒྱལ་ཡོངས་ཀྱི་གོང་འོག་ཀུན་གྱིས་སེམས་ནུས་གཅིག་སྒྲིལ་ངང་ནུས་ཤུགས་ཡོད་རྒུས་འབད་འཐབ་བྱས་པས་རིམས་ནད་ལ་འགོག་རྒོལ་བྱེད་པའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་ཡོད། རིམ་ཁག་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པ་ཚོས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་ངང་སྐུལ་མ་གཏོང་རྒྱུའི་བླང་བྱ་གཞིར་བཟུང་དེ་བས་ཏན་ཏིག་གི་སྤྱོད་ཚུལ་ལ་བརྟེན་ནས་རང་འགུལ་ངང་བྱས་རྗེས་འཇོག་དགོས་པ་མ་ཟད། དངོས་འཛིན་དངོས་སྒྲུབ་དང་། འགག་སྒྲོལ་དཀའ་སེལ། ལེགས་སྐྱེས་འབུལ་སྤྲོ་བ་བཅས་བྱ་རྒྱུར་སྐུལ་ལྕག་གཏོང་བ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྤོངས་བ། ཁྲལ་མངོན་སླ་བཅོས་དང་ཁག་འགན་ཕར་དཀྲི་ཚུར་དཀྲི་སོགས་ཀྱི་བྱེད་སྤྱོད་སྔོན་འགོག་བྱས་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དམིགས་སར་དོན་འཁྱོལ་ཡོང་བ་བྱེད་དགོས། དངོས་ཐོག་བདེན་འཚོལ་མཐའ་འཁྱོངས་བྱས་ནས་སྔོན་འགོག་ཚོད་འཛིན་གྱི་ཆ་འཕྲིན་ཁག་ཡོངས་བསྒྲགས་ཡང་དག་བྱེད་པ་དང་། སྤྱི་ཚོགས་ཀྱི་དོ་ཁུར་ལ་དུས་ཐོག་ཏུ་ལན་འདེབས་པ། སྦས་སྐུང་རྫུན་ཞུ་དང་མི་བདེན་བདེན་བཟོ་གཏན་འགོག་བཅས་བྱེད་དགོས། སྡེ་ཚན་དབར་གྱི་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་། གོ་རིམ་ལྡན་པའི་ངང་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ། མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་བཅས་བྱེད་རིང་གི་དངོས་ཡོད་གནད་དོན་སེམས་ནུས་གཅིག་སྒྲིལ་ངང་ཐག་གཅོད་བྱས་ནས། ཚོགས་འདུ་འཚོགས་པ་དང་ཡིག་ཆ་གཤམ་སྤྲོད་སོགས་ཚང་མར་དངོས་ཕན་ཐོན་རྒྱུར་དོ་སྣང་བྱེད་དགོས། གྲངས་གཞི་མཉམ་སྤྱོད་ལ་ཤུགས་སྣོན་བརྒྱབ་ནས་རེའུ་མིག་བསྐྱར་མ་རྒྱོང་རྒྱུ་སྔོན་འགོག་བྱེད་དགོས། ཞིབ་བཤེར་དང་ལྟ་སྐུལ་ཞིབ་བཤེར་འཐུས་སྒོ་ཚང་དུ་གཏོང་བ་དང་། གཞི་རིམ་དུ་བསྐྱོད་དེ་གནས་ཚུལ་དངོས་ཤེས་རྟོགས་བྱེད་པ། རྩིས་ཁྲ་ཟིན་འགོད་དང་སྙན་ཐོའི་རེའུ་མིག་རྒྱོང་བ་སོགས་སྟབས་བདེའི་ངང་ལས་ཀ་དོན་འཁྱོལ་བྱས་པའི་ཤན་འབྱེད་ཀྱི་ཚད་གཞིར་བརྩི་མི་རུང་། སྟབས་བདེ་ཞིང་རྩུབ་སྤྱོད་ཀྱི་ཁྲིམས་འཛིན་དང་ཐལ་དྲགས་པའི་ལས་དོན་སྒྲུབ་སྟངས་སྔོན་འགོག་བྱས་ཏེ་ཁྲིམས་བཞིན་སྔོན་འགོག་ཚོད་འཛིན་དང་ཁྲིམས་བཞིན་བཅོས་སྒྲིག་ནུས་པ་ཆེ་རུ་གཏོང་དགོས།

  
style="display:none;"