མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་ཧན་གོའི་ཙུང་ཐུང་ཝུན་ཙའེ་དབྱིན་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་22ཉིན། 12:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཚེས་20ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞལ་ཆད་ལྟར་ཧན་གོའི་ཙུང་ཐུང་ཝུན་ཙའེ་དབྱིན་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད།
     ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་ཀྱིས་ཏོག་གསར་གློ་ཚད་རིམས་ནད་ལ་ནུས་ཤུགས་ཡོད་རྒུས་འགོག་རྒོལ་བྱེད་པའི་དམིགས་བསལ་གྱི་དུས་སྐབས་སུ། ཙུང་ཐུང་སྐུ་ཞབས་ཁྱེད་ཀྱིས་ཆེད་མངགས་ཞལ་པར་བསྐྱོན་ནས་འཚམས་འདྲི་དང་རྒྱབ་སྐྱོར་གནང་བ་དང་དེ་བཞིན་ངེད་དང་ཕྱོགས་གཉིས་པོའི་འབྲེལ་བ་ཟབ་ཏུ་གཏོང་རྒྱུའི་སྐོར་ལ་བསམ་འཆར་བརྗེ་རེས་ཀྱང་གནང་བ་དེ་ཐོག་ནས། ཁྱིམ་མཚེས་རྒྱལ་ཁབ་ཡིན་པའི་ཀྲུང་ཧན་གྱིས་ཕན་ཚུན་ལྟ་རེས་སྲུང་རེས་བྱེད་པ་དང་ཕྱར་བ་གྲུ་འདེགས་བྱེད་པའི་མཛའ་གྲོགས་བརྩེ་དུང་མཚོན་གྱི་ཡོད་ཅེས་བསྟན་གནང་བ་རེད།
     ཞི་ཅིན་ཕིང་གིས་ཏོག་གསར་གློ་ཚད་རིམས་ནད་བྱུང་ཚུན། ཀྲུང་གོ་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། རྒྱལ་ཡོངས་ཀྱི་གོང་བུ་གཅིག་ཏུ་སྒྲིལ་བ། མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་སྒྲིལ་བ་བཅས་ཀྱི་ཐོག་ནས་ཁྱབ་རྒྱ་ཆེ་ཤོས་དང་། ནན་ཤོས། མཐར་ཕྱིན་ཤོས་བཅས་ཀྱི་སྔོན་འགོག་ཚོད་འཛིན་བྱེད་ཐབས་སྤྱད་ཡོད། དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད། རིམས་ནད་བྱུང་ཚུལ་ལ་དགེ་མཚན་ལྡན་པའི་འགྱུར་ལྡོག་ཕྱིན་ཡོད། རིམས་ནད་ལས་ཀྲུང་གོ་ཡུན་རིང་བརྟན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་བའི་རྨང་གཞི་བརྟན་པོར་གཡོ་འགུལ་ཐེབས་མི་སྲིད། ང་ཚོས་རིམས་ནད་ལས་ཐོན་པའི་ཤུགས་རྐྱེན་ཆུང་དུ་གཏོང་གང་ཐུབ་དང་སྔོན་གཏན་འཁེལ་བའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་དང་ལས་འགན་མངོན་འགྱུར་ཐུབ་པ་བྱ་རྒྱུ་ཡིན། ཀྲུང་གོས་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་ནུས་ལྡན་སྤྱད་པ་ནི་ཀྲུང་གོ་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་སྲུང་སྐྱོང་བྱེད་པའི་ཆེད་དུ་ཡིན་ལ་འཛམ་གླིང་གི་སྤྱི་པའི་འཕྲོད་བསྟེན་བྱ་གཞག་ཆེད་ལེགས་སྐྱེས་འབུལ་བ་ཞིག་ཀྱང་ཡིན། རིམས་ནད་བྱུང་ཚུན་ཧན་གོ་སྲིད་གཞུང་དང་ལས་རིགས་ཁག་གིས་ཀྲུང་གོ་ཕྱོགས་ལ་སེམས་གསོ་འཚམས་འདྲི་བྱེད་ལུགས་མཚོན་པར་བྱས་པ་དང་སྦྲགས། རོགས་རམ་དང་རོགས་སྐྱོར་ཆེན་པོའང་བྱས་པར་ང་ཚོས་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་ཡོངས་བསྒྲགས་དང་ཁ་གསལ་གྱི་རྣམ་འགྱུར་བཟུང་སྟེ། ཧན་གོ་ཕྱོགས་ཚུད་པའི་རྒྱལ་ཁབ་ཁག་དང་འབྲེལ་གཏུག་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཐུན་མོང་ཐོག་རིམས་ནད་ལ་ཁ་གཏད་གཅོག་རྒྱུ་དང་འཛམ་གླིང་མི་དམངས་ཀྱི་བདེ་ཐང་དང་བདེ་སྐྱིད་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།
     ཞི་ཅིན་ཕིང་གིས་ཀྲུང་ཧན་གཉིས་པོ་ནི་ཁྱིམ་མཚེས་རྒྱལ་ཁབ་དང་མཉམ་ལས་རོགས་ཟླ་གལ་ཆེན་ཞིག་ཡིན། མིག་སྔར་ཀྲུང་ཧན་དབར་གྱི་འབྲེལ་བ་འཕེལ་རྒྱས་ཡག་པོའི་རྣམ་པ་རྒྱུན་འཁྱོངས་བྱུང་ཡོད། ན་ནིང་གི་ལོ་མཇུག་ཏུ་ང་དང་ཙུང་ཐུང་སྐུ་ཞབས་ཁྱེད་པེ་ཅིང་དུ་ཞལ་འཛོམས་ཏེ་ཐུན་མོང་གི་ངོས་འཛིན་གལ་ཆེན་མང་པོ་གྲུབ་ཡོད། སླད་ཕྱིན་ཕྱོགས་གཉིས་པོས་ཀྲུང་ཧན་དབར་གྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་ཆུ་ཚད་དེ་བས་མཐོ་པོ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད། ཏོག་གསར་གློ་ཚད་རིམས་ནད་དེ་ལས་ཀྲུང་ཧན་གྱི་དཔལ་འབྱོར་ཚོང་དོན་མཉམ་ལས་དང་མི་སྣ་འགྲོ་འོང་ལ་ཤུགས་རྐྱེན་ཐེབས་པ་གནས་སྐབས་ཙམ་ཡིན། རིམས་ནད་ལས་རྣམ་པར་རྒྱལ་རྗེས་ཀྲུང་ཧན་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་གྲོགས་འབྲེལ་བ་དེ་བས་ཟབ་ཏུ་འགྲོ་རྒྱུ་དང་ཕྱོགས་གཉིས་པོའི་ཁྱབ་ཁོངས་ཁག་གི་འགྲོ་འོང་དང་མཉམ་ལས་དེ་བས་ཀྱང་འཁྲུག་ཏུ་འགྲོ་རྒྱུ་ཡིན་པ་ངར་ཡིད་ཆེས་ཡོད་ཅེས་བསྟན་གནང་བ་རེད།
     ཝུན་ཙའེ་དབྱིན་གྱིས་ཧན་གོ་སྲིད་གཞུང་དང་མི་དམངས་ཀྱིས་ཀྲུང་གོ་མི་དམངས་ལ་ཏོག་གསར་གློ་ཚད་རིམས་ནད་བྱུང་བར་ལྷག་བསམ་ཟོལ་མེད་ཀྱི་སེམས་གསོ་འཚམས་འདྲི་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་རིམས་ནད་ལ་ཁ་གཏད་གཅོག་ཆེད་འབད་བརྩོན་ཧ་ཅང་ཆེན་པོ་གནང་བར་ཧན་གོ་ཕྱོགས་ཀྱིས་གདེང་འཇོག་ཆེན་པོ་ཞུ་རྒྱུ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཀྲུང་གོ་མི་དམངས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་མགྱོགས་ནས་མྱུར་དུ་རྒྱལ་ཁ་ཐོབ་ངེས་ལ་ཡིད་ཆེས་ཡོད། ཧན་ཀྲུང་ནི་ཁྱིམ་མཚེས་རྒྱལ་ཁབ་ཅིག་ཡིན་པས་ཀྲུང་གོའི་དཀའ་ངལ་ནི་ཧན་གོའི་དཀའ་ངལ་ཡིན། ཧན་གོ་ཕྱོགས་ཀྱིས་བློ་རྩ་བརྟན་པོས་ཀྲུང་གོ་དང་ཕྱོགས་གཅིག་ཏུ་ལངས་ཏེ། ཀྲུང་གོ་ཕྱོགས་ཀྱིས་རིམས་ནད་ལ་འགོག་རྒོལ་བྱེད་པར་མུ་མཐུད་རོགས་སྐྱོར་བྱེད་འདོད་དང་ཀྲུང་གོ་ཕྱོགས་དང་རིམས་འགོག་ཐད་མཉམ་ལས་བྱེད་འདོད་ཡོད་པ་མ་ཟད། དེ་གོ་སྐབས་ཤིག་ཏུ་བརྩིས་ནས་ཕྱོགས་གཉིས་པོའི་འཕྲོད་བསྟེན་བདེ་ཐང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཀྱང་ཡོད་ཅེས་དང་། ཝུན་ཙའེ་དབྱིན་གྱིས་འདི་ལོ་ནི་ཧན་ཀྲུང་དབར་གྱི་འབྲེལ་བ་འཕེལ་རྒྱས་ཀྱི་ལོ་གལ་ཆེན་ཞིག་ཡིན་པས་ཧན་གོ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་ཟབ་ཏུ་གཏོང་རྒྱུ་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བར་འཕེལ་རྒྱས་གསར་པ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།

  
style="display:none;"