མི་དམངས་དྲ་བ།

༄༅༎དབང་དབྱང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་ལ་དམ་འཛིན་ནན་པོ་བྱེད་དགོས་ལ་དབུལ་སྒྲོལ་འགག་
སྒྲོལ་ལའང་ལྷོད་གཡེང་མི་ཤོར་བ་བྱེད་དགོས་ཞེས་གསུངས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་20ཉིན། 10:27】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཚེས་18ཉིན། དམངས་གཙོའི་ཏང་ཤོག་ཁག་གི་ཀྲུང་དབྱང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་དམངས་གཙོའི་ལྟ་སྐུལ་ལས་དོན་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་ཚོགས་འདུར་ཕེབས་པ་དང་འབྲེལ། གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་སྤྱི་འདོམས་ཀྱིས་ཡག་པོ་སྒྲུབ་དགོས་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་ལ་དམ་འཛིན་ནན་པོ་བྱ་རྒྱུ་དང་དབུལ་སྒྲོལ་འགག་སྒྲོལ་ལ་ལྷོད་གཡེང་མི་ཤོར་བ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། གྲོང་གསེབ་དབུལ་པོའི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དབུལ་སྒྲོལ་འགག་སྒྲོལ་གྱི་ཁྱོན་ཡོངས་ཀྱི་དམག་འཐབ་ཡག་པོ་རྒྱག་རྒྱུར་རྒྱབ་སྐྱོར་གྱིས་དམངས་གཙོའི་ལྟ་སྐུལ་ལས་དོན་སྤེལ་རྒྱུར་དམིགས་ཏེ། དབུལ་སྒྲོལ་འགག་སྒྲོལ་ལ་ཐེབས་པའི་རིམས་ནད་ཀྱི་ཤུགས་རྐྱེན་ཁྱད་བསད་མཐའ་གཅིག་ཏུ་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་ལོ་རྒྱུས་རང་བཞིན་གྱི་ལས་འགན་དུས་བཀག་བཞིན་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
     བཞུགས་མོལ་ཚོགས་འདུའི་ཐོག་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧུའུ་ཁྲུན་ཧྭ་ཡིས་འདི་ལོའི་དབུལ་སྒྲོལ་འགག་སྒྲོལ་གྱི་གཙོ་གནད་ལས་འགན་བརྡ་ཁྱབ་གནང་བ་དང་། ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ཡིའུ་ཆོན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ། ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་གི་ཀྲུའུ་ཞི་དབན་ཨེ་ཤང་དང་། ཀྲུང་གོ་དམངས་གཙོ་མནའ་མཐུན་ཚོགས་པ་ཀྲུང་དབྱང་གི་ཀྲུའུ་ཞི་ཏིང་ཀྲུང་ལི། ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ཚོགས་པ་ཀྲུང་དབྱང་གི་ཀྲུའུ་ཞི་ཧོ་མིང་ཅིན། ཀྲུང་གོ་དམངས་གཙོ་ཡར་སྐུལ་ཚོགས་པ་ཀྲུང་དབྱང་གི་ཀྲུའུ་ཞི་ཚའེ་ཏ་ཧྥུང་། ཀྲུང་གོ་ཞིང་བཟོ་དམངས་གཙོ་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཁྲེན་ཀྲུའུ། ཀྲི་ཀུང་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་དབན་ཀང་། དགུ་གསུམ་ཤེས་རིག་ཚོགས་པ་ཀྲུང་དབྱང་གི་ཀྲུའུ་ཞི་ཝུའུ་ཝུའེ་ཧྭ། ཐའེ་དབན་དམངས་གཙོ་རང་སྐྱོང་མནའ་མཐུན་ཀྲུང་དབྱང་གི་ཀྲུའུ་ཞི་སུའུ་ཧུའེ་བཅས་ཀྱིས་2019ལོའི་དབུལ་སྒྲོལ་འགག་སྒྲོལ་གྱི་དམངས་གཙོའི་ལྟ་སྐུལ་ལས་དོན་སྤེལ་ཚུལ་དང་2020ལོའི་ལས་དོན་འཆར་གཞི་ངོ་སྤྲོད་གནང་བ་རེད།
     དབང་དབྱང་གིས་དབུལ་སྒྲོལ་འགག་སྒྲོལ་ལ་དམངས་གཙོའི་ལྟ་སྐུལ་བྱ་རྒྱུ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་གནང་བའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་དང་དམངས་གཙོའི་ལྟ་སྐུལ་གྱི་ལེགས་ཆ་འདོན་སྤེལ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་དོན་འཁྱོལ་ལ་སྐུལ་འདེད་གཏོང་བའི་ལམ་ལུགས་བཀོད་སྒྲིག་ཅིག་རེད། དམངས་གཙོའི་ཏང་ཤོག་ཁག་དང་འབྲེལ་ཡོད་ཕྱོགས་ཁག་གིས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་མཐའ་འཁྱོངས་བྱས་པའི་ཁར། དམངས་གཙོའི་ལྟ་སྐུལ་གྱི་ངོ་བོའི་ངེས་གནས་ཁོང་དུ་ཏག་ཏིག་ཆུད་པ་བྱས་ཏེ། གྲུབ་འབྲས་གཟེངས་སུ་ཐོན་པའི་ལས་དོན་འབོར་ཆེན་བསྒྲུབས་པ་དང་། དབུལ་སྒྲོལ་འགག་སྒྲོལ་ལ་རོགས་འདེགས་ནུས་ལྡན་བྱས་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྲིད་ཞུགས་ཏང་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བ། རང་རྒྱལ་གྱི་སྲིད་ཏང་ལམ་ལུགས་གསར་པས་སྟོབས་ཤུགས་གཅིག་སྡུད་ཀྱིས་དོན་ཆེན་སྒྲུབ་པ་དང་། གོང་བུ་གཅིག་སྒྲིལ་གྱིས་དོན་ཆེན་གཉེར་བ། ཕན་ཚུན་ལྟ་སྐུལ་གྱིས་དོན་ཆེན་སྒྲུབ་པ་བཅས་ཀྱི་ལེགས་ཆ་མངོན་ཡོད་ཅེས་བསྟན་གནང་བ་རེད།
     དབང་དབྱང་གིས་གློ་བུར་དུ་བྱུང་བའི་ཏོག་གསར་གློ་ཚད་རིམས་ནད་ལས་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པར་འགྲན་སློང་གསར་པ་འཕྲད་ཡོད། དམངས་གཙོའི་ལྟ་སྐུལ་ལས་དོན་ཐད་ལྟ་སྐུལ་ལ་རྒྱབ་སྐྱོར་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་། དང་ཐོག་རིམས་ནད་ཀྱིས་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་སྒྲོལ་དམིགས་ཚད་མངོན་འགྱུར་ལ་ཞིབ་ཕྲའི་ཤུགས་རྐྱེན་ཐེབས་ཚུལ་ནན་ཏན་ངང་དབྱེ་ཞིབ་བྱས་ཏེ། ས་གནས་ཁག་ལ་མ་དངུལ་དང་སྲིད་ཇུས་ཐོག་ནས་ཤིན་ཏུ་དབུལ་བའི་ས་ཁུལ་དང་དེ་བཞིན་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་ཆེ་བའི་ཁྱབ་ཁོངས་དང་མི་འབོར་ལ་གཟིགས་སྐྱོང་བྱ་རྒྱུའི་སྐུལ་འདེད་བཏང་ནས་རིམས་ནད་ཀྱིས་རྐྱེན་པས་དབུལ་པོ་ཆགས་རྒྱུ་དང་དབུལ་པོ་རང་ལོག་ཐེབས་རྒྱུ་སྔོན་འགོག་བྱེད་དགོས། རིམས་ནད་ནི་འདི་ལོ་དབུལ་སྒྲོལ་གྱི་སྤུས་ཚད་ལ་ཤུགས་རྐྱེན་ཐེབས་ཤོས་ཤིག་དང་གནད་སྨིན་ཇུས་བསྟར་ནི་སྤུས་ཚད་འགན་ལེན་གྱི་བྱེད་ཐབས་གལ་ཆེན་ཞིག་རེད། དེར་བརྟེན་ས་གནས་ཁག་ལ་ལས་དོན་གནད་ལ་སྨིན་ཚད་མཐོ་རུ་བཏང་སྟེ། རྫོང་དང་། གྲོང་ཚོ། དུད་ཚང་བཅས་ཚང་མར་རིམས་ནད་ཀྱི་ཤུགས་རྐྱེན་ཁྱད་བསད་བྱ་རྒྱུའི་ཞིབ་ཕྲའི་བྱ་ཐབས་བཏོན་ནས་དམིགས་སའི་རང་བཞིན་ལྡན་པའི་ངང་མང་ཚོགས་དབུལ་པོ་ཕྱིར་ལས་ཀར་སྐྱོད་པ་དང་། ཞིང་འབྲོག་ཐོན་ཟོག་ཕུང་གསོག་ཐེབས་པ། དབུལ་སྐྱོར་རྣམ་གྲངས་ཀྱི་ལས་འགོ་བསྐྱར་འཛུགས་སོགས་ཀྱི་དཀའ་གནད་སེལ་རྒྱུའི་སྐུལ་འདེད་གཏོང་དགོས། ལས་ཀའི་སྤྱོད་ཚུལ་ལེགས་སུ་གཏོང་རྒྱུར་དམིགས་ཏེ། ལྟ་སྐུལ་ལས་དོན་སྤེལ་ནས་གྲོང་སྡོད་ལས་དོན་རུ་ཁག་ལ་ནུས་པ་འདོན་སྤེལ་སྔར་བས་ཡག་པོ་བྱ་རྒྱུའི་སྐུལ་འདེད་དང་དབུལ་པོ་ངོ་མ་དབུལ་སྒྲོལ་དང་དངོས་འབྲེལ་དབུལ་སྒྲོལ་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས། དམངས་གཙོའི་ལྟ་སྐུལ་བྱེད་སྐབས་ཇི་མ་ཇི་བཞིན་ཐོ་འགོད་བྱས་ཏེ། བློ་རྩེ་གཅིག་སྒྲིམ་དང་བརྩེ་སེམས་ལྡན་པའི་སྒོ་ནས་ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ལ་བདེ་སྐྱིད་བཏོད་པའི་གཏམ་རྒྱུད་དང་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་པའི་ཏང་མང་མཉམ་ལས་ཀྱི་གཏམ་རྒྱུད་ཡག་པོ་ཤོད་དགོས། ཤེས་ལྡན་མི་སྣ་མང་བ་དང་བློ་རིག་འདུས་ཆེ་བའི་དམངས་གཙོའི་ཏང་ཤོག་གི་ལེགས་ཆ་འདོན་སྤེལ་བྱས་ཏེ། དབུལ་སྐྱོར་ཁྱབ་ཁོངས་ཀྱི་གནད་དོན་གལ་ཆེན་ལ་ཞིབ་འཇུག་གཏིང་ཟབ་བྱས་ནས་ཀྲུང་གུང་ཀྲུང་དབྱང་ལ་སྤུས་ཚད་མཐོ་བའི་སྲིད་ཇུས་གྲོས་འགོ་འདོན་དགོས། དབུལ་སྒྲོལ་འགག་སྒྲོལ་ལ་དམངས་གཙོའི་ལྟ་སྐུལ་བྱས་པའི་ཉམས་མྱོང་བརྒྱུད་རིམ་ལྡན་པའི་ངང་གསེད་བཀྲོལ་དང་ཕྱོགས་སྡོམ་བྱས་ཏེ། ཆེད་དོན་ལྟ་སྐུལ་གྱི་ལས་དོན་ལམ་ལུགས་འཚོལ་ཞིབ་ཀྱིས་འཐུས་སྒོ་ཚང་དུ་བཏང་ནས་དམངས་གཙོའི་ལྟ་སྐུལ་ལས་དོན་གསར་གཏོད་དང་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

  
style="display:none;"