མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་དབྱིན་ཇིའི་དབུ་བཞུགས་བློན་ཆེན་གཡོད་ཧན་ཤུན་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་20ཉིན། 10:47】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཚེས་18ཉིན་གྱི་ཕྱི་དྲོ། ཞལ་ཆད་བཞིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབྱིན་ཇིའི་དབུ་བཞུགས་བློན་ཆེན་གཡོད་ཧན་ཤུན་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད།
     ཞི་ཅིན་ཕིང་གིས་དབྱི་ལི་ཧྲ་པའེ་རྒྱལ་མོ་སྐུ་ཐོག་གཉིས་པ་དང་གཡོད་ཧན་ཤུན་རྣམ་གཉིས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་ཏོག་གསར་གློ་ཚད་རིམས་ནད་འགོག་རྒོལ་བྱེད་པར་འཚམས་འདྲི་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད། ཞི་ཅིན་ཕིང་གིས་ང་ཚོས་རིམས་ནད་འགོག་རྒོལ་བྱེད་པར་དབྱིན་ཇི་ཕྱོགས་ཀྱིས་དངོས་ཟོག་རྒྱབ་སྐྱོར་བྱས་ཡོད། དེ་ཐོག་ནས་ཀྲུང་གོ་དང་དབྱིན་ཇི་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་གྱི་མཛའ་གྲོགས་འབྲེལ་བ་ཟབ་མོ་མཚོན་ཡོད་ཅེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས། རིམས་ནད་ཐོན་ཚུན། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ་ལམ་ལུགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་པ་དང་སྦྲགས། རྒྱལ་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ཆ་ཚང་ཤོས་དང་། ནན་ཤོས། མཐར་ཕྱིན་བཅས་ཀྱི་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་སྤྱད་ཡོད། དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་ལ་དགེ་མཚན་ལྡན་པའི་འགྱུར་ལྡོག་བྱུང་ནས་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་བཞིན་ཡོད། མིག་སྔར། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་འགག་རྩའི་དུས་མཚམས་སུ་སླེབས་ཡོད་པས། ང་ཚོས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་མཐའ་གཅིག་ཏུ་ཡག་པོ་སྒྲུབ་པ་དང་ཆབས་ཅིག་རིམས་ནད་ལས་བྱུང་བའི་ཤུགས་རྐྱེན་ཆུང་དུ་ཧུར་ཐག་གཏོང་རྒྱུ་ཡིན། ཀྲུང་གོའི་དཔལ་འབྱོར་གྱི་ལྡེམ་ཤུགས་ཆེ་བ་དང་། ནང་མཁོའི་བར་མཐོངས་རྒྱ་ཆེ་བ། ཐོན་ལས་ཀྱི་རྨང་གཞི་བརྟན་པ་བཅས་ཡོད་པས། འདི་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་བྱེད་པ་དང་། ལྷག་དོན་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་ཐག་གཅོད་དམག་འཐབ་རྒྱག་པའི་གཙོ་གནད་ལས་འགན་ལ་དམ་འཛིན་ཡག་པོ་བྱེད་པའི་ཐད་ང་ཚོར་གདེང་ཚོད་ཡོད་ལ་ནུས་པ་ཡང་ཡོད་ཅེས་ནན་བཤད་གནང་བ་རེད།
     ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བཟུང་ནས། རང་རྒྱལ་ཁབ་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་འགན་འཁུར་གྱི་ཡོད་ལ། གོ་ལ་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་བྱ་གཞག་ལ་ཡང་འགན་འཁུར་གྱི་ཡོད། ང་ཚོས་འབད་བརྩོན་ཆེན་པོ་བྱས་པ་བརྒྱུད། རིམས་ནད་གོ་ལ་ཧྲིལ་པོར་ཁྱབ་རྒྱུ་བཀག་འགོག་ནུས་ལྡན་ཐུབ་ཡོད། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་ཡོངས་བསྒྲགས་དང་ཁ་གསལ་གྱི་རྣམ་འགྱུར་ཐོག་ནས་དབྱིན་ཇི་ཚུད་པའི་རྒྱལ་ཁབ་ཁག་དང་མུ་མཐུད་མཉམ་ལས་བྱེད་རྒྱུ་ཡིན་ཞེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་ཀྲུང་གོ་དང་དབྱིན་ཇི་གཉིས་ཀ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་རྒྱལ་ཁབ་ཡིན་པས། གོ་ལ་ཧྲིལ་པོའི་འགྲན་སློང་ཉིན་བཞིན་མང་དུ་འགྲོ་བའི་དུས་བབ་འོག་ལག་གདང་སྦྲེལ་ནས་འགན་འཁྲི་དེ་བས་མང་པོ་འཁུར་བ་དང་བྱ་སྤྱོད་དེ་བས་མང་ཙམ་སྤེལ་ཏེ། ཀྲུང་དབྱིན་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ལོ་གསར་པ་བཅུ་སླར་ཡང་འཆར་རྒྱུར་སྣེ་ཁྲིད་བྱེད་དགོས། ཕྱོགས་གཉིས་པོས་འཐབ་ཇུས་ཀྱི་ཟུར་ཚད་དང་ཆབ་སྲིད་ཀྱི་མཐོ་ཚད་ཐོག་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ཀྱི་ཁ་ཕྱོགས་གསར་པ་སྟངས་འཛིན་བྱེད་རྒྱུ་མཐའ་འཁྱོངས་དང་། གཉིས་ཕན་གཉིས་ཁེའི་མཉམ་ལས་ཀྱི་སྟོན་ཕྱོགས་མཐའ་འཁྱོངས་བྱས་ཏེ་ཕན་ཚུན་བརྩི་འཇོག་བྱེད་པའི་རྨང་གཞིའི་ཐོག་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱེད་ཡུལ་གལ་ཆེན་ལ་ལྟ་རྟོག་བྱེད་དགོས། ཕྱོགས་གཉིས་པོས་མཐོ་རིམ་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་། ཀྲུང་གོ་དང་དབྱིན་ཇིའི་དཔལ་འབྱོར་གྱི་གསབ་རེས་རང་བཞིན་འབྲེལ་མཐུད་བྱས་ནས་དོན་ངོ་མའི་མཉམ་ལས་དེ་བས་མང་བ་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་དབྱིན་ཇི་ཕྱོགས་དང་མཉམ་དུ་ཕྱོགས་མང་རིང་ལུགས་དང་རང་མོས་ཚོང་དོན་སྲུང་སྐྱོང་བྱས་ཏེ་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་འབྲེལ་གཏུག་བྱེད་ཤུགས་ཆེ་རུ་གཏོང་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
     གཡོད་ཧན་ཤུན་གྱིས་དབྱིན་ཇི་སྲིད་གཞུང་དང་མི་དམངས་ཀྱི་ཚབ་ཞུས་ཏེ་ཀྲུང་གོ་མི་དམངས་ལ་ཏོག་གསར་གློ་ཚད་རིམས་ནད་ཀྱི་གནོད་འཚེ་ཕོག་པར་འཚམས་འདྲི་ཞུས་པ་དང་འབྲེལ། ཀྲུང་གོས་ཕྱོགས་ཡོངས་དང་ནུས་ལྡན་གྱི་བྱ་ཐབས་སྤྱད་དེ་རིམས་ནད་སྔོན་འགོག་ཚོད་འཛིན་དང་། དུས་ཐོག་ཏུ་རྒྱལ་སྤྱིའི་སྤྱི་ཚོགས་དང་ཆ་འཕྲིན་མཉམ་སྤྱོད། རིམས་ནད་འཛམ་གླིང་ལ་མཆེད་རྒྱུ་བཀག་འགོག་ཧུར་ཐག་བཅས་བྱས་པར་བསྔགས་བརྗོད་ཆེན་པོ་གནང་ཞིང་། ཁོང་གིས་རིམས་ནད་ལ་འགོག་རྒོལ་བྱེད་རིང་། ཀྲུང་གོ་ཕྱོགས་ཀྱི་མྱུར་ཚད་དང་ལས་ཕྱོད་ལ་དབྱིན་ཇི་ཕྱོགས་ཀྱིས་ཡི་རངས་ཞུ་རྒྱུ་མ་ཟད། ད་དུང་ཀྲུང་གོ་ཕྱོགས་ལ་རྒྱབ་སྐྱོར་དང་རོགས་རམ་མུ་མཐུད་བྱེད་འདོད་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གི་འགོ་ཁྲིད་འོག ཀྲུང་གོ་མི་དམངས་ཀྱིས་རིམས་ནད་འགོག་རྒོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་ངེས་ཡིན་པ་དང་ཆབས་ཅིག་རིམས་ནད་ཀྱིས་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་ཚད་ཆུང་ཤོས་སུ་གཏོང་ཐུབ་པའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།
     གཡོད་ཧན་ཤུན་གྱིས་ང་ཀྲུང་གོར་དགའ་པོ་ཡོད། དབྱིན་ཇིའི་སྲིད་གཞུང་གསར་པའི་འགོ་ཁྲིད་དེ་ཀྲུང་གོ་ཕྱོགས་དང་མཉམ་དུ་རིམ་པ་ཁག་གི་འགྲོ་འོང་བྱེད་ཟབ་ཏུ་གཏོང་བ་དང་། ཁྱབ་ཁོངས་ཁག་གི་མཉམ་ལས་བྱེད་ཟབ་ཏུ་བཏང་ནས་དབྱིན་ཀྲུང་རྒྱལ་ཁབ་གཉིས་པོའི་འབྲེལ་བའི“རྫོགས་ལྡན་དུས་རབས”ལ་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོའི་ཁེ་ལས་ཀྱིས་དབྱིན་ཇིར་མ་འཇོག་བྱེད་པར་ཡོང་རྒྱུར་དབྱིན་ཇིས་དགའ་བསུ་ཞུ་རྒྱུ་དང་འབྲེལ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྒྲོམ་གཞིའི་འོག ཀྲུང་གོ་ཕྱོགས་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད། དབྱིན་ཇི་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀ་ཤུགས་རྐྱེན་ཡག་པོ་ལྡན་པའི་རྒྱལ་ཁབ་ཆེན་པོ་ཡིན་པས། རྒྱལ་སྤྱིའི་གནད་དོན་མང་པོའི་ཐད་ལངས་ཕྱོགས་འདྲ་པོ་ཡོད་ཅེས་གསུངས་པ་རེད།

  
style="display:none;"