མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་ནས་ངེས་པར་དུ་སྨན་དོན་མི་སྣར་སྲུང་སྐྱོང་དང་། སེམས་ཁུར། གཅེས་སྐྱོང་
བཅས་བྱེད་པར་ཚད་མཐོའི་མཐོང་ཆེན་བྱས་ཏེ་སྨན་དོན་མི་སྣ་མུ་མཐུད་བདེ་ཐང་ངང་རིམས་ནད་ལས་རྣམ་པར་
རྒྱལ་བའི་འཐབ་རྩོད་ལ་ཞུགས་ཐུབ་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་21ཉིན། 10:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་ཞུགས་མཁན་སྨན་དོན་མི་སྣར་སེམས་ཁུར་དང་གཅེས་སྐྱོང་བྱེད་དགོས་པའི་ཐད་ཆེད་མངགས་མཛུབ་སྟོན་གལ་ཆེན་གནང་ཞིང་། ཁོང་གིས་སྨན་དོན་མི་སྣ་ནི་རིམས་ནད་ལས་རྣམ་པར་རྒྱལ་བའི་རྐང་འཛིན་སྟོབས་ཤུགས་ཡིན་པས། ངེས་པར་དུ་ཁོང་ཚོར་སྲུང་སྐྱོང་དང་། སེམས་ཁུར། གཅེས་སྐྱོང་བཅས་བྱེད་པར་ཚད་མཐོའི་མཐོང་ཆེན་གྱིས་ཕྱོགས་གང་ས་ཅི་ཐད་ནས་རྒྱབ་སྐྱོར་བྱེད་པའི་འགན་སྲུང་མཁོ་འདོན་བྱས་ནས། ཁོང་ཚོས་ཐོག་མཐའ་བར་གསུམ་དུ་འཐབ་ནུས་ཆེན་པོ་དང་། དཔའ་ངར་ཆེར་སྐྱེད། སེམས་ཤུགས་ཆེན་པོ་རྒྱུན་འཁྱོངས་ཀྱིས་མུ་མཐུད་བདེ་ཐང་ངང་རིམས་ནད་ལས་རྣམ་པར་རྒྱལ་བའི་འཐབ་རྩོད་ལ་ཞུགས་ཐུབ་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། བཀོད་འདོམས་བཀོད་གཏོང་དང་རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་ཚན་རིག་དང་མཐུན་ལ་དམིགས་སར་འབྱོར་བར་བྱས་ཏེ། ངེས་པར་དུ་སྨན་དོན་མི་སྣའི་གནོན་ཤུགས་ཆུང་དུ་གཏོང་བ་དང་། འཚོ་བར་འགན་སྲུང་། དགོས་ངེས་ཀྱི་ངལ་གསོ་ལེགས་སྒྲིག བསམ་བློར་སྐུལ་ལྕག་བཅས་ཀྱི་དོན་འཁྱོལ་ལ་དུས་ཐོག་ཏུ་ཤུགས་སྣོན་བརྒྱབ་ནས། ངེས་པར་དུ་ཧུའུ་པེ(ཝུའུ་ཧན)རུ་སྨན་བཅོས་དཔུང་ཁག་བདེ་འཇགས་གོ་རིམ་ལྡན་པ་དང་། སྤྱི་འདོམས་མཐུན་སྦྱོར། ནུས་ལྡན་ཕན་ཆེ། དུས་ཐོག་མགྱོགས་མྱུར་བཅས་ཀྱིས་ལས་དོན་སྤེལ་བའི་འགན་ལེན་བྱེད་དགོས།
     ཏོག་གསར་གློ་ཚད་རིམས་ནད་ཐོན་ཚུན། རྒྱ་ཆེའི་སྨན་དོན་མི་སྣས་ཉིན་མཚན་དབྱེར་མེད་དང་རྒྱུན་མཐུད་འབད་འཐབ་བྱས་ཡོད། སྨན་དོན་མི་སྣར་སྟབས་མ་ལེགས་པར་ནད་དུག་འགོས་པ་མ་ཟད། ཐ་ན་འགའ་ཞིག་གིས་རང་གི་ཚེ་སྲོག་ཀྱང་སྐྱེས་སུ་ཕུལ་བ་ལས། སྨན་པས་ནད་པ་སྙིང་རྗེས་སྐྱོང་བའི་བླ་ན་མེད་པའི་སྙིང་སྟོབས་མཚོན་གྱི་ཡོད། ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་དང་། གསུང་བཤད་གལ་ཆེན། མཛུབ་སྟོན་གལ་ཆེན་བཅས་ཐེངས་མང་གནང་ནས། རྒྱལ་ཡོངས་དང་། ལྷག་དོན་དུ་ཧུའུ་པེ་དང་ཝུའུ་ཧན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་དང་པོར་འབད་འཐབ་བྱེད་བཞིན་པའི་སྨན་དོན་མི་སྣར་ཏང་ཀྲུང་དབྱང་གིས་ཐུགས་ཁུར་གནང་ལུགས་མཚོན་པར་བྱས་ཡོད། ཁོང་གིས་པེ་ཅིང་དུ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་བརྟག་ཞིབ་དང་མཛུབ་ཁྲིད་གནང་སྐབས། རྒྱ་ཆེའི་སྨན་དོན་མི་སྣར་བྱམས་བརྩེའི་འཚམས་འདྲི་གནང་བ་དང་ཆབས་ཅིག ཁོང་ཚོའི་དཀའ་ངལ་དང་གནད་དོན་དངོས་ཐག་གཅོད་བྱེད་རོགས་བྱེད་པའི་ཐད་བཀོད་སྒྲིག་གནང་བ་དང་བླང་བྱ་བཏོན་གནང་བ་རེད།
     ཏང་ཀྲུང་དབྱང་གི་བཀོད་སྒྲིག་གཞིར་བཟུང་། རྒྱལ་ཡོངས་ཀྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་29དང་། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན། དམག་དཔུང་ཁོངས་གཏོགས་བཅས་ཀྱིས་སྨན་དོན་མི་སྣ་ཁྲི་3ལྷག་ཙམ་ཧུའུ་པེ(ཝུའུ་ཧན)རུ་རོགས་སྐྱོར་བྱེད་པར་མངགས་ཡོད་པ་རེད།

  
style="display:none;"