མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་ཕ་ཁི་སི་ཐན་གྱི་ཙུང་ལི་དབྱི་མུའུ་ལན·ཧན་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་22ཉིན། 12:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཚེས་20ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞལ་ཆད་ལྟར་ཕ་ཁི་སི་ཐན་གྱི་ཙུང་ལི་དབྱི་མུའུ་ལན·ཧན་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད།
     ཞི་ཅིན་ཕིང་གིས་བསྟན་དོན། ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱ་རྒྱུ་ནི་མིག་སྔའི་ཀྲུང་གོ་སྲིད་གཞུང་གི་དོན་ཆེན་གལ་ཆེན་ཞིག་རེད། རྒྱ་ཆེའི་སྨན་དོན་མི་སྣ་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཚོས་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད་མིག་སྔར་རིམས་ནད་གནས་ཚུལ་ལ་འགྱུར་ལྡོག་འགྲོ་འགོ་ཚུགས་ཡོད། ང་ཚོར་ད་ཐེངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་རྒྱུའི་ཡིད་ཆེས་དང་། ནུས་པ། གདེང་ཚོད་བཅས་ཡོད་ལ། རིམས་ནད་ཀྱི་ཤུགས་རྐྱེན་ཆུང་དུ་བཏང་ནས་འདི་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་མངོན་འགྱུར་ཧུར་ཐག་ཐུབ་ངེས་རེད། ང་ཚོས་མིག་སྔར་གཞི་ཚུགས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་རྒྱུ་མ་ཟད། མིག་རྒྱང་དེ་བས་རིང་དུ་བཏང་ནས་དུས་ཐོག་ཏུ་ཉམས་མྱོང་ཕྱོགས་སྡོམ་དང་རིམས་ནད་ཚབས་ཆེན་སྔོན་འགོག་ཚོད་འཛིན་གྱི་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། རྒྱལ་ཁབ་ཀྱི་སྤྱི་པའི་འཕྲོད་བསྟེན་འཕྲལ་སྡོམ་དོ་དམ་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ་ཡིན།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་ཕ་རྒྱལ་ཁབ་གཉིས་པོ་ནི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླ་ཞིག་རེད་ལ། ཕན་ཚུན་དབར་རོགས་རམ་བྱེད་པའི་སྲོལ་རྒྱུན་བཟང་པོ་ལྡན་ཡོད། ཏོག་གསར་གློ་ཚད་ཀྱི་རིམས་ནད་ཐོན་རྗེས། ཕ་ཁི་སི་ཐན་ཕྱོགས་ཀྱིས་འཕྲལ་མར་ཀྲུང་གོ་ཕྱོགས་ལ་རྒྱབ་སྐྱོར་བྱས་པ་མ་ཟད། དཀའ་ངལ་ཁྱད་བསད་བྱས་ནས། རྩ་ཆེའི་དངོས་ཟོག་ཞལ་འདེབས་བརྒྱབ་སྟེ་རྒྱལ་ཁབ་གཉིས་ཀྱི་རྒྱུན་གཏན་འགྲོ་འོང་རྒྱུན་འཁྱོངས་བྱས་ཡོད། ཉིན་ཤས་གོང་། ཕ་ཁི་སི་ཐན་གྱི་རྒྱལ་དམངས་གྲོས་ཚོགས་དང་གྲོས་ཁང་གོང་མས་ཁག་སོ་སོས་གྲོས་ཆོད་ལ་གྲོས་འཆམ་བྱས་ཏེ། ཀྲུང་གོ་ཕྱོགས་ཀྱིས་རིམས་ནད་ལ་འགོག་རྒོལ་བྱེད་པར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ཡོད། དེ་རིང་སྐུ་ཞབས་ཙུང་ལི་ཕྱོགས་ཀྱིས་ཆེད་མངགས་ཞལ་པར་བསྐྱོན་ནས་འཚམས་འདྲི་དང་རྒྱབ་སྐྱོར་གནང་ཡོད། ཀྲུང་ཕ་རྒྱལ་ཁབ་གཉིས་པོ་ནི་སྐྱིད་སྡུག་མཉམ་མྱོང་གི་གྲོགས་པོ་བློས་ཐུབ་དང་སྤུན་གྲོགས་ཡག་པོ་ཞིག་ཡིན་པ་དོན་དངོས་ལས་སླར་ཡང་ར་འཕྲོད་ཐུབ་ཡོད། ང་ཚོས་རང་ཉིད་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་ལྟ་སྟངས་འཛིན་པ་ལྟར། ཀྲུང་གོར་ཡོད་པའི་ཕ་ཁི་སི་ཐན་གྱི་སྤུན་གྲོགས་གཅེན་གཅུང་ཚོར་ལྟ་རྟོག་ཡག་པོ་བྱ་རྒྱུ་ཡིན།
     ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་ཕའི་འབྲེལ་བ་ཆུ་ཚད་མཐོ་བའི་འཕེལ་རྒྱས་རྒྱུན་འཁྱོངས་བྱུང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕ་ཁི་སི་ཐན་འདི་ཉིད་མཐའ་འཁོར་ཕྱི་འབྲེལ་གྱི་སྔོན་འགྲོའི་ཁ་ཕྱོགས་སུ་བརྩིས་ནས། ཕ་ཁི་སི་ཐན་ཕྱོགས་དང་མཉམ་དུ་སྤུས་ཚད་མཐོ་བའི་ཀྲུང་ཕའི་དཔལ་འབྱོར་བར་ཁྱམས་མུ་མཐུད་མཉམ་སྐྲུན་བྱ་རྒྱུ་དང་འབྲེལ་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་ཕན་ཚུན་རྒྱབ་སྐྱོར་དང་གཞོགས་འདེགས་བྱས་ཏེ། ཀྲུང་ཕའི་འབྲེལ་བ་དེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བའི་དཔེ་མཚོན་ལ་འགྱུར་བ་བྱ་རྒྱུ་ཡིན།
     དབྱི་མུའུ་ལན·ཧན་གྱིས་ཕ་ཁི་སི་ཐན་སྲིད་གཞུང་དང་མི་དམངས་ཀྱི་ཚབ་ཞུས་ཏེ། ཀྲུང་གོ་མི་དམངས་ལ་ཏོག་གསར་གློ་ཚད་རིམས་ནད་ཐོན་པར་ལྷག་བསམ་ཟོལ་མེད་ཀྱི་སེམས་གསོའི་འཚམས་འདྲི་ཞུ་ལུགས་མཚོན་པར་བྱས་པ་མ་ཟད། ཀྲུང་གོ་ཕྱོགས་ཀྱིས་བྱེད་ཐབས་ནུས་ལྡན་སྤྱད་དེ་རིམས་ནད་ལ་ཁ་གཏད་བཅག་པར་ཚད་མཐོའི་བསྔགས་བརྗོད་བྱས་ཤིང་། དབྱི་མུའུ་ལན·ཧན་གྱིས། ཀྲུང་གོ་ཕྱོགས་ཀྱིས་སྔོན་འགོག་ཚོད་འཛིན་ནུས་ལྡན་བྱས་པར་བརྟེན། རིམས་ནད་འཛམ་གླིང་ལ་མཆེད་ཐུབ་མེད། འཛམ་གླིང་ཡོངས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་རིམས་ནད་ལ་ཁ་གཏད་གཅོག་པའི་ཐད་འབད་བརྩོན་བྱས་པ་དང་ཕན་འབྲས་ཐོབ་པར་ཐུགས་རྗེ་ཆེ་ཞུས་པ་དང་བསྔགས་བརྗོད་བྱས་ཡོད། རྒྱལ་ཁབ་གང་ཞིག་གིས་ཀྲུང་གོ་ལྟར་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཡག་པོ་འདི་འདྲ་སྒྲུབ་མི་ཐུབ། ཕ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོར་ཡོད་པའི་ཕ་ཁི་སི་ཐན་ཕྱོགས་ཀྱི་སྤྱི་དམངས་ལ་ལྟ་རྟོག་དང་རོགས་རམ་གང་ལེགས་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱི་རིམས་ནད་འགོག་རྒོལ་ལ་མུ་མཐུད་རོགས་རམ་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་རིམས་ནད་ལས་རྣམ་པར་རྒྱལ་ཐུབ་ངེས་ཡིན་པ་ཕ་ཁི་སི་ཐན་ཕྱོགས་ལ་ཡིད་ཆེས་ཡོད། གནས་ཚུལ་གང་ཞིག་འཕྲད་ཀྱང་། ཕ་ཁི་སི་ཐན་མི་དམངས་ཚོས་བློ་བརྟན་འགྱུར་མེད་ངང་སྤུན་མཆེད་ལྟར་བརྩེ་བའི་ཀྲུང་གོ་མི་དམངས་དང་མཉམ་དུ་ལངས་རྒྱུ་ཡིན་ཞེས་གསུངས་པ་རེད།

  
style="display:none;"