མི་དམངས་དྲ་བ།

༄༅༎ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་21ཉིན། 09:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     སོ་ནམ་ལངས་པའི་དུས་ཚོད་འཐུས་ཤོར་མི་འགྲོ་བ་བྱས་ནས་དཔྱིད་དུས་ཀྱི་ཞིང་ལས་ཐོན་སྐྱེད་སོཌ་ཀྱི་ལས་དོན་ལ་དམ་འཛིན་ཏན་ཏིག་བྱེད་དགོས་པའི་བཀོད་སྒྲིག་གནང་བ།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་18ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཟླ་2ཚེས་18ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས་སོ་ནམ་ལངས་པའི་དུས་ཚོད་འཐུས་ཤོར་མི་འགྲོ་བ་བྱས་ཏེ་དཔྱིད་དུས་ཀྱི་ཞིང་ལས་ཐོན་སྐྱེད་ལ་དམ་འཛིན་ཏན་ཏིག་བྱེད་དགོས་པའི་བཀོད་སྒྲིག་གནང་བ་དང་། དུས་མཚམས་རང་བཞིན་གྱི་སྒོ་ནས་ཁེ་ལས་ཀྱི་སྤྱི་ཚོགས་འགན་བཅོལ་གྲོན་དངུལ་ཆག་ཡང་དང་རྩ་ཆག་གཏོང་བ་དང་། ཁེ་ལས་ཀྱིས་སྡོད་ཁང་གི་སྤྱི་གསོག་མ་དངུལ་སྐྱེལ་རྒྱུ་ནར་འགྱངས་ཆོག་པའི་སྲིད་ཇུས་ལག་བསྟར་བྱས་ཏེ་བྱ་ཐབས་སྣ་མང་སྤྱད་ནས་ཁེ་ལས་ཀྱི་ལས་ཞུགས་བརྟན་པོ་ཡོང་བར་བྱེད་དགོས་པའི་གཏན་འབེབས་གནང་བ་རེད།
     ཚོགས་འདུའི་ཐོག་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བླང་བྱ་ལག་བསྟར་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་དམ་འཛིན་ཡག་པོ་བྱེད་དགོས། སོ་ནམ་ལངས་པའི་དུས་ཚོད་བྲེལ་འཚུབ་ཆེ་བས། ས་གནས་ཀྱི་གཏོགས་ཁོངས་འགན་འཁྲི་ནན་པོ་དཀྲིས་ཏེ་དཔྱིད་དུས་ཀྱི་ཞིང་ལས་ཐོན་སྐྱེད་ལ་དམ་འཛིན་ཡག་པོ་དང་དམ་འཛིན་ཞིབ་ཚགས་བྱས་ནས་དབྱར་འབྲུར་ཐོན་འབབ་ཡག་པོ་ཡོང་བའི་འགན་ལེན་བྱེད་དགོས། གཅིག་ནས་རིགས་དབྱེ་དང་ཞིབ་ཚགས་ངང་གྲོང་གསེབ་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལ་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་བྱེད་པ་དང་། ལྷོ་ནས་བྱང་བར་དཔྱིད་རྨོད་རྨོད་གྲབས་ཀྱི་དམ་འཛིན་ལ་ཁྲིད་སྟོན་དང་རྒྱབ་སྐྱོར་བྱེད་པ། དགུན་སྒྲོལ་ལོ་ཏོག་གི་ཞིང་ནང་གཡོག་བྱེད་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། ས་བོན་དང་། རྫས་ལུད། ཞིང་སྨན། གཟན་ཆགས་སོགས་ཞིང་སྤྱོད་དངོས་རྫས་ཀྱི་ཁེ་ལས་གང་མགྱོགས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་སྐུལ་འདེད་བཏང་སྟེ་ཞིང་སྤྱོད་དངོས་རྫས་གཅིག་གཏད་གཅིག་གི་མཁོ་སྤྲོད་འགན་ལེན་དང་སྐྱེལ་འདྲེན་བྱེད་པའི་ཐོགས་མེད་བགྲོད་ལམ་གཏོད་དགོས། འདི་ལོ་འབྲས་ཀྱི་མ་མཐའི་ཉོ་སྒྲུབ་རིན་གོང་རྒྱུན་འཁྱོངས་བརྟན་པོ་བྱུང་བས་བབ་ལ་བལྟས་ནས་མཐོ་རུ་འོས་འཚམ་གཏོང་ཆོག ཆ་རྐྱེན་ཡོད་པའི་ས་ཆར་གཉིས་སྨིན་འབྲས་འདེབས་སླར་གསོ་བྱ་རྒྱུར་སྐུལ་ལྕག་གཏོང་དགོས། གཉིས་ནས་སྒོ་ཕྱུགས་དང་ཁྱིམ་བྱ་གསོ་ཚགས་ལ་དམ་འཛིན་ཡག་པོ་བྱེད་དགོས། གཙོ་གནད་ས་ཁུལ་གྱི་གྱོང་གུན་ཅུང་ཆེ་ཙམ་ཕོག་པའི་ཁྱིམ་བྱ་གསོ་ཚགས་ར་བར་དངུལ་བུན་འཇལ་བའི་དུས་ཡུན་རིང་དུ་གཏོང་བ་དང་དངུལ་བུན་ཁག་ཐེག་གུ་ཡངས་སུ་གཏོང་བ་སོགས་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་དགོས། བཤས་གཏོང་ཁེ་ལས་དང་གསོ་ཚགས་ར་བའི་འབྲེལ་མཐུད་ལ་སྐུལ་འདེད་གཏོང་དགོས། ཕག་པ་གསོ་ཚགས་མགྱོགས་མྱུར་སླར་གསོ་བྱས་ཏེ་གསོ་ཚགས་ར་བའི་དངུལ་བུན་སྐྱེད་སྦྱར་ཁ་གསབ་ཀྱི་ཁྱབ་ཁོངས་ལོ་རེར་བཤས་གཏོང་ཚད་དེ་སྔ་མགོ་གྲངས་5000ཡན་ཡིན་པ་ནས་ད་ཆ་མགོ་གྲངས་500ཡན་དུ་ལེགས་སྒྲིག་བྱེད་དགོས། འཁྱགས་བཏང་བའི་ཕག་ཤ་རྒྱལ་ཁབ་ཀྱིས་གསོག་ཉར་བྱེད་ཚད་མང་དུ་གཏོང་དགོས། གསུམ་ནས་ནད་འབུའི་གནོད་པ་ཚབས་ཆེན་འགོག་བཅོས་ལ་ཤུགས་སྣོན་བརྒྱབ་སྟེ་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་བཏང་ནས་ཁ་གཏད་འཇལ་བའི་གྲ་སྒྲིག་སྣ་ཚོགས་ཡག་པོ་བྱེད་དགོས། ནད་སློང་ཤུགས་ཆེ་བའི་བྱ་རིགས་ཆམ་རིམས་དང་ཨ་ཧྥེ་རི་ཁའི་ཕག་ནད་སོགས་སྲོག་ཆགས་ཀྱི་ནད་ཡམས་ཚབས་ཆེན་སྔོན་འགོག་ཚོད་འཛིན་ཡག་པོ་བྱེད་དགོས།
     ཚོགས་འདུའི་ཐོག་མིག་སྔར་སྤྱི་འདོམས་ངང་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཡག་པོ་སྒྲུབ་པར་ལས་ཞུགས་བརྟན་པོ་ཡོང་བར་བྱེད་པ་ནི་ཁ་ཚ་དགོས་གཏུགས་ཀྱི་ལས་འགན་ཞིག་རེད། ལས་ཞུགས་བརྟན་པོ་ཡོང་བར་བྱེད་པར་ངེས་པར་དུ་ཁེ་ལས་བརྟན་པོ་ཡོང་བར་བྱེད་དགོས་པའི་ནན་བཤད་གནང་བ་རེད། ཚོགས་འདུའི་ཐོག་གཏན་འཁེལ་བྱས་དོན། གཅིག་ནས་དུས་མཚམས་རང་བཞིན་གྱི་སྒོ་ནས་ཁེ་ལས་ཀྱི་རྒན་གསོ་དང་། ལས་ཤོར། ལས་རྨས་བཅས་ཀྱི་འགན་བཅོལ་ཚན་པའི་གྲོན་དངུལ་ཆག་ཡང་བཏང་སྟེ། ཁེ་ལས་དང་ལྷག་པར་དུ་ཁེ་ལས་འབྲིང་ཆུང་ལ་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་ཚད་ཆུང་དུ་བཏང་ནས་ཁེ་ལས་ཐོན་སྐྱེད་སླར་གསོ་བྱས་རྗེས་བར་བརྒལ་དུས་མཚམས་ཤིག་ཡོང་བར་བྱེད་དགོས། ཧུའུ་པེ་ཕུད་པའི་ཞིང་ཆེན་གཞན་དག་གིས་ཟླ་2པ་ནས་ཟླ་6པ་བར་ཁེ་ལས་འབྲིང་ཆུང་ལ་གོང་གསལ་གྱི་གྲོན་དངུལ་གསུམ་པོ་རྩ་ཆག་གཏོང་ཆོག་པ་དང་ཟླ་2པ་ནས་ཟླ་4པ་བར་ཁེ་ལས་ཆེ་གྲས་ལ་གྲོན་དངུལ་ཕྱེད་ཀ་བཅག་ཆོག ཧུའུ་པེ་ཞིང་ཆེན་གྱིས་ཟླ་2པ་ནས་ཟླ་6པ་བར་རིགས་ཁག་གི་འགན་བཅོལ་ལ་ཞུགས་མཁན་ཁེ་ལས་ལ་གྲོན་དངུལ་རྩ་ཆག་གཏོང་ཆོག དེ་དང་ཆབས་ཅིག་ཟླ་6པའི་ཟླ་མཇུག་གོང་ཁེ་ལས་ཀྱིས་སྡོད་ཁང་གི་སྤྱི་གསོག་མ་དངུལ་སྐྱེལ་རྒྱུ་ནར་འགྱངས་ཀྱི་རེ་ཞུ་ཞུ་ཆོག་པ་དང་། དེའི་རིང་ལས་བཟོར་རིམས་ནད་ཀྱི་ཤུགས་རྐྱེན་ཕོག་པའི་རྐྱེན་གྱིས་སྤྱི་གསོག་མ་དངུལ་གྱི་དངུལ་བུན་རྒྱུན་གཏན་ལྟར་འཇལ་མ་ཐུབ་པ་རྣམས་དུས་བཅད་ལས་ཡོལ་བར་བརྩི་མི་རུང་། གོང་གསལ་གྱི་སྲིད་ཇུས་ལག་བསྟར་བྱེད་སྐབས་སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་ལྷག་གྲངས་སོགས་ཀྱི་གནས་ཚུལ་ལ་བསམ་གཞིག་གང་ལེགས་བྱས་པས། རྒན་གསོའི་དངུལ་སོགས་སྤྱི་ཚོགས་འགན་བཅོལ་གྱི་ཐོབ་ཆ་ཁག་དུས་ཐོག་ཏུ་གྲངས་ཚང་སྤྲོད་པའི་འགན་ལེན་བྱེད་ཐུབ། གཉིས་ནས“བརྟན་པོ་དྲུག”གི་ལས་འགན་གཙོ་བོ་ལས་ཞུགས་བརྟན་པོར་དམ་འཛིན་ལྷོད་མེད་བྱེད་དགོས། ཚན་རིག་དང་མཐུན་པའི་སྒོ་ནས་རིགས་དབྱེ་དང་། དོན་དངོས་དང་འཚམ་པའི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་རིམས་འགོག་ཕྱོགས་སྟོན་གང་མགྱོགས་བཟོ་བ་དང་། ས་ཁུལ་ཁག་ལ་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་ཆ་རྐྱེན་ལུགས་མཐུན་ངང་གཏན་འཁེལ་བྱེད་རྒྱུའི་མཛུབ་ཁྲིད་བྱས་ནས་དགོས་པ་མེད་པའི་ཁག་ཐེག་དངུལ་མེད་པར་བཟོ་དགོས། བཟོས་ཟིན་པའི་ནོར་ཁྲལ་དང་དངུལ་རྩ་སོགས་ཀྱི་རྒྱབ་སྐྱོར་སྲིད་ཇུས་གང་མགྱོགས་དོན་འཁྱོལ་བྱེད་དགོས། དམིགས་ས་ཡོད་པའི་སྒོ་ནས་གཙོ་གནད་ཚོགས་སྤྱིའི་ལས་ཞུགས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས། ས་ཁོངས་བསྒྲལ་ནས་གཅིག་གཏད་གཅིག་གི་ངལ་རྩོལ་རོགས་ལས་སོགས་བརྒྱུད། ཞིང་པ་ལས་མི་གོ་རིམ་ལྡན་པའི་ངང་ལས་གནས་སུ་ལོག་པ་སྒྲིག་འཛུགས་བྱེད་སྐབས། རིམས་ནད་ཚབས་ཆེ་བ་དང་ཁྱབ་པའི་ཉེན་ཁ་ཆེ་བའི་ས་ཁུལ་ཕུད། ངལ་རྩོལ་བ་ལས་གནས་སུ་ལོག་པར་ཚོད་འཛིན་བཟོ་བའི་ལུགས་དང་མ་མཐུན་པའི་གཏན་འབེབས་རྣམས་མཐའ་གཅིག་ཏུ་ཡོ་བསྲང་བྱེད་དགོས། དབུལ་སྒྲོལ་འགག་སྒྲོལ་དང་ས་གནས་དེ་གའི་འཛུགས་སྐྲུན་སོགས་དང་ཟུང་འབྲེལ་བྱས་ཏེ་ཞིང་པ་ལས་མི་ས་ཆ་དེ་རང་དང་ཐག་ཉེ་སར་ལས་ཞུགས་ཐུབ་རྒྱུར་རྒྱབ་སྐྱོར་བྱེད་དགོས། མཐོ་སློབ་ཀྱི་སློབ་ཐོན་སློབ་མར་ལས་ཀ་སྤྲོད་པ་དང་འབྱོར་ཐོ་འགོད་རྒྱུ་ཕྱིར་འགྱངས་བྱེད་པའི་ཇུས་གཞི་གང་མགྱོགས་བཟོ་དགོས། དྲ་ཐོག་ནས་ལས་མི་བསྡུ་ཤུགས་ཆེ་རུ་གཏོང་དགོས། ཁེ་ལས་ཀྱིས་མང་ཚོགས་ཀྱི་དྲ་ཐོག་འཛད་སྤྱོད་དགོས་མཁོ་དང་འཚམ་པར་བྱས་ཏེ་ལས་ཞུགས་ལས་གནས་བབ་བསྟུན་མང་དུ་གཏོང་བར་རྒྱབ་སྐྱོར་བྱེད་དགོས། སྒེར་གཉེར་བཟོ་ཚོང་དུད་ཚང་ནི་ལས་ཞུགས་ཀྱི་བྱེད་པོ་གལ་ཆེན་ཞིག་ཡིན་པས། རྒྱབ་སྐྱོར་སྲིད་ཇུས་གང་མགྱོགས་ཞིབ་འཇུག་བྱས་ནས་འདོན་དགོས། གསུམ་ནས་ལས་ཤོར་མི་སྣའི་གཞི་རྩའི་འཚོ་བ་འགན་ལེན་བྱེད་དགོས། ནད་ཡམས་ཀྱི་ཤུགས་རྐྱེན་ཕོག་པའི་རྐྱེན་གྱིས་ལས་ཞུགས་ལ་དཀའ་ངལ་འཕྲད་པའི་མི་སྣ་དག་དུས་ཐོག་ཏུ་ལས་ཞུགས་རོགས་སྐྱོར་བྱེད་ཁོངས་སུ་བཅུག་སྟེ་ལས་ཤོར་འགན་བཅོལ་ཐོབ་ཆ་དུས་ཐོག་ཏུ་གྲངས་ཚང་སྤྲོད་པའི་འགན་ལེན་བྱེད་དགོས། རིམས་ནད་ཚབས་ཆེ་བའི་ས་ཁུལ་གྱིས་སྐབས་འཕྲལ་གྱི་སྤྱི་ཕན་རང་བཞིན་གྱི་ལས་གནས་གཏོད་པར་རྒྱབ་སྐྱོར་བྱས་ཏེ་ལས་ཤོར་འགན་བཅོལ་ཐེབས་རྩ་སྤྱད་ནས་ལས་ཤོར་མི་སྣར་ལས་ཤོར་ཁ་གསབ་མ་དངུལ་སྤྲོད་དགོས།

  
style="display:none;"