མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་20ཉིན། 10:48】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་18ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་18ཉིན་གྱི་ཕྱི་དྲོར་ཞལ་ཆད་ལྟར་ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད།
     ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོས་ཏོག་གསར་གློ་ཚད་ལ་འགོག་རྒོལ་བྱེད་པའི་འགག་རྩའི་དུས་སུ་སྐུ་ཞབས་ཙུང་ཐུང་གིས་སླར་ཡང་ཞལ་པར་བསྐྱོན་ནས་ཀྲུང་གོར་འཚམས་འདྲི་དང་རྒྱབ་སྐྱོར་གནང་བ་ལས་ཀྲུང་གོ་དང་ཧྥ་རན་སེ་རྒྱལ་ཁབ་གཉིས་ཀྱི་མཛའ་བཤེས་ཟབ་མོ་དང་ཀྲུང་ཧྥ་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ཆུ་ཚད་མཐོ་ཤོས་དང་། དེ་བཞིན་སྐུ་ཉིད་ནས་ཀྲུང་གོ་དང་ཀྲུང་ཧྥ་རྒྱལ་ཁབ་གཉིས་པོའི་འབྲེལ་བར་ཚད་མཐོའི་མཐོང་ཆེན་གནང་བ་གང་ལེགས་མངོན་ཡོད་པས། ངས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་བསྔགས་བརྗོད་བྱ་རྒྱུ་ཡིན།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རིམས་ནད་ཐོན་པ་ནས་བཟུང་། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཡོངས་ནས་སྐུལ་སློང་དང་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཏེ་རྒྱལ་ཡོངས་གོང་འོག་ཚང་མས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་ཀྱི་དམག་འཐབ་ཅིག་བརྒྱབ་ཡོད། ཀྲུང་གོར་སྐུལ་སློང་ནུས་པ་དང་ཕྱོགས་བསྡུས་ནུས་པ་སྟོབས་ཆེན་ལྡན་ལ། སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ལ་ཁ་གཏད་གཅོག་པའི་ཉམས་མྱོང་ཡང་ཡོད་པས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་ཐུབ་ངེས་ཡིན། མིག་སྔར། སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་ཁག་ལ་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་བཞིན་ཡོད་པ་དང་། ང་ཚོས་སྔོན་འགོག་ཚོད་འཛིན་ལས་དོན་ཡག་པོ་སྒྲུབ་པའི་སྔོན་འགྲོའི་ཆ་རྐྱེན་འོག་རིགས་ཁག་གི་ཁེ་ལས་བྱ་གཞག་ཚན་པ་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱེད་པར་རྒྱབ་སྐྱོར་དང་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་ཀྱི་མཁོ་སྤྲོད་འདང་ངེས་ལ་འགན་སྲུང་བྱས་ཡོད། རིམས་ནད་ཀྱིས་ཀྲུང་གོའི་དཔལ་འབྱོར་ལ་ཕོག་པའི་ཤུགས་རྐྱེན་ནི་གནས་སྐབས་ཙམ་ཡིན་ལ་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་འདི་ལོར་ང་ཚོས་གཏན་འཁེལ་བྱས་པའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་སྔར་བཞིན་ལེགས་སྒྲུབ་ཐུབ་པའི་ཡིད་ཆེས་ཡོད།
     ཞི་ཅིན་ཕིང་གིས་བསྟན་གནང་དོན། དཀའ་ཚེགས་འཕྲད་དུས་བརྩེ་བ་ངོ་མ་མཐོང་ཐུབ། ཀྲུང་གོ་ཕྱོགས་ནས་ཀྲུང་གོ་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་སྲུང་སྐྱོབ་བྱས་པ་མ་ཟད། གོ་ལ་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་ལ་ཚད་མཐོའི་འགན་འཁྲི་ཡང་འཁུར་ཡོད། ཀྲུང་གོ་ཕྱོགས་ཀྱིས་གཙོ་བོ་ཀྲུང་གོའི་མི་དམངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་རིམས་ནད་ལ་འགོག་རྒོལ་བྱེད་པ་དང་ཆབས་ཅིག རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཡོངས་བསྒྲགས་ཁ་གསལ་གྱི་རྣམ་འགྱུར་ཐོག་ནས་ཧྥ་རན་སེ་ཚུད་པའི་རྒྱལ་ཁབ་ཁག་དང་མཉམ་ལས་བྱས་ཏེ་མཉམ་དུ་རིམས་ནད་ལ་ཁ་གཏད་བཅག་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སེ་ཕྱོགས་དང་མཉམ་དུ་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་ཐུན་མོང་ཐོག་ས་ཁུལ་དང་གོ་ལ་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་ལ་སྲུང་སྐྱོང་ཡག་པོ་བྱེད་འདོད་ཡོད།
     མཱ་ཁེ་ལུང་གིས་སླར་ཡང་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་རིམས་ནད་ལ་འགོག་རྒོལ་བྱེད་པར་ངག་ཐོག་གི་རྒྱབ་སྐྱོར་གནང་བ་དང་། ཀྲུང་གོ་ཕྱོགས་ཀྱིས་དུས་ཐོག་ཏུ་བྱེད་ཐབས་ནུས་ལྡན་སྤྱད་པ་དང་ཚད་གཞི་མཐོ་བ་དང་ཡོངས་བསྒྲགས། ཁ་གསལ་བཅས་མངོན་པར་ཡི་རངས་ཞུས་གནང་བ་རེད། མཱ་ཁེ་ལུང་གིས། ཧྥ་རན་སེ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ལ་སྨན་བཅོས་དངོས་ཟོག་ཁག་གཅིག་རོགས་སྐྱོར་མཁོ་སྤྲོད་བྱས་པ་དང་། ད་དུང་མུ་མཐུད་རོགས་རམ་བྱེད་འདོད་ཡོད་ལ། ཧྥ་རན་སེས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རིམས་ནད་ལ་ཁ་གཏད་གཅོག་པར་བཏོན་པའི་ཆེད་ལས་བསམ་འཆར་ལ་བརྩི་སྲུང་ཞུ་རྒྱུ་དང་། རིམས་ནད་ལ་ཁ་གཏད་གཅོག་རྒྱུ་སྤྱིའི་ཆ་ནས་དོན་དངོས་དང་མཐུན་ཡོད་པས། མིག་སྔར། ཝུའུ་ཧན་དུ་བཅའ་སྡོད་ཧྥ་རན་སེའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་སྔར་བཞིན་སྒོ་ཕྱེ་ཡོད། ཧྥ་རན་སེ་ཕྱོགས་ནས་ཀྲུང་གོ་ཕྱོགས་དང་མཉམ་དུ་རིམས་ནད་ལ་འགོག་རྒོལ་བྱེད་རྒྱུ་མ་ཟད། དེ་གོ་སྐབས་སུ་བརྩིས་ནས་འཕྲོད་བསྟེན་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད་ཅེས་གསུངས་པ་རེད།

  
style="display:none;"