འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་3ཉིན།

༄༅༎ལི་ཁེ་ཆང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་རྒྱལ་ཁབ་ཀྱི་གཙོ་གནད་སྨན་བཅོས་དངོས་རྫས་འགན་ལེན་
བཀོད་གཏོང་ལས་སྟེགས་ལ་རྟོག་ཞིབ་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་03ཉིན། 12:10】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ཟླ་2ཚེས་1ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་གྱི་ཀྲུང་དབྱང་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ལི་ཁེ་ཆང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་རྒྱལ་ཁབ་ཀྱི་གཙོ་གནད་སྨན་བཅོས་དངོས་རྫས་འགན་ལེན་བཀོད་གཏོང་ལས་སྟེགས་སུ་ཕེབས་ཏེ་རྟོག་ཞིབ་གནང་ཞིང་། ཁོང་གིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག གཙོ་གནད་སྨན་བཅོས་སྔོན་འགོག་ཚོད་འཛིན་གྱི་དངོས་རྫས་ཐོན་སྐྱེད་དང་མཁོ་སྤྲོད་ནུས་ཤུགས་ཡོད་རྒུས་འགན་ལེན་དང་བཀོད་གཏོང་བྱེད་སྟངས་ལེགས་སུ་བཏང་ནས་གཙོ་གནད་ས་ཁུལ་གྱི་དགོས་མཁོ་སྔོན་ལ་སྐོང་དགོས། དུས་མཚུངས་སུ་འཚོ་བའི་མཁོ་ཆས་མཁོ་སྤྲོད་ཡག་པོ་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་དགོས་ངེས་ཀྱི་ཆ་རྐྱེན་སྐྲུན་དགོས་ཞེས་ནན་བཤད་གནང་བ་རེད།
     ལི་ཁེ་ཆང་གིས་མིག་སྔའི་སྨན་ཁང་གི་འགོག་སྲུང་གྱོན་ཆས་དང་ཁ་རས་སོགས་གཙོ་གནད་སྔོན་འགོག་ཚོད་འཛིན་གྱི་དངོས་རྫས་ཐོན་སྐྱེད་དང་། བཀོད་གཏོང་། འགན་ལེན་བཅས་སྐོར་གྱི་སྙན་སེང་གསན་པ་རེད། ལི་ཁེ་ཆང་གིས་སྨན་བཅོས་སྔོན་འགོག་ཚོད་འཛིན་གྱི་དངོས་རྫས་ཐོན་སྐྱེད་མགྱོགས་པོ་བྱ་རྒྱུ་དང་མཁོ་སྤྲོད་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ནི་རིམས་ནད་འགོས་པའི་ནད་པ་ཤི་ཚད་དམའ་རུ་གཏོང་བ་དང་། སྨན་བཅོས་བྱས་པ་བརྒྱུད་དྲག་སྐྱེད་ཡོང་ཚད་མཐོ་རུ་གཏོང་བ། སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཡག་པོ་སྒྲུབ་པ་བཅས་ཀྱི་དགོས་ངེས་ཀྱི་ཆ་རྐྱེན་ཡིན་པ་དང་། མཁོ་སྤྲོད་མང་དུ་གཏོང་བ་ནི་རིམས་ནད་འགོག་རྒོལ་བྱེད་པའི་དམག་འཐབ་ཀྱི་ནུས་པ་ཆེ་རུ་གཏོང་བ་ཞིག་ཡིན། མངོན་མེད་ཐོན་ནུས་སྔོག་འདོན་གང་ལེགས་བྱས་ནས་སྤུས་ཚད་འགན་ལེན་གྱི་རྨང་གཞིའི་ཐོག དུས་ཚོད་སྐར་ཆ་ཙམ་ཡང་འཕྲོ་བརླག་མི་གཏོང་བར་ཐོན་སྐྱེད་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་མ་ཟད། ད་དུང་ཆ་རྐྱེན་ཡང་བསྐྲུན་ནས་ཐོན་ནུས་ཆེ་རུ་གཏོང་དགོས། གནས་ཡུལ་མི་འདྲ་བ་དང་མི་ཚོགས་མི་འདྲ་བས་ཚན་རིག་དང་མཐུན་པའི་སྒོ་ནས་སྨན་བཅོས་སྔོན་འགོག་ཚོད་འཛིན་གྱི་དངོས་རྫས་སྤྱོད་པའི་ཚད་གཞི་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། རིམས་ནད་འགོག་རྒོལ་གྱི་འཐབ་ཕྱོགས་དང་པོར་རང་སྲོག་བློས་གཏོང་གིས་མི་སྣ་སྐྱོབ་བཞིན་པའི་སྨན་དོན་མི་སྣ་ཚོས་ཀྱང་རང་ངོས་ཀྱི་འགོག་སྲུང་ལ་མཐོང་ཆེན་བྱེད་དགོས། གཙོ་གནད་སྨན་བཅོས་སྔོན་འགོག་ཚོད་འཛིན་གྱི་དངོས་རྫས་དང་ཐོག་ཁོང་ཚོར་མཁོ་སྤྲོད་བྱེད་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་དུ་སྔོན་འགོག་དང་ཚོད་འཛིན་གྱི་ལམ་སྲོལ་དེས་གཙོ་གནད་སྨན་བཅོས་སྔོན་འགོག་ཚོད་འཛིན་གྱི་དངོས་རྫས་རྒྱལ་ཡོངས་སུ་སྤྱི་འདོམས་བཀོད་གཏོང་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། འགན་ནུས་སྡེ་ཚན་ཁག་གིས་ཕྱར་བ་གྲུ་འདེགས་བྱས་ནས་ཧུའུ་པེ་ཞིང་ཆེན་དང་ལྷག་པར་དུ་ཝུའུ་ཧན་གྲོང་ཁྱེར་སོགས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གཙོ་གནད་ས་ཁུལ་ལ་སྨན་བཅོས་སྔོན་འགོག་ཚོད་འཛིན་གྱི་དངོས་རྫས་སྔོན་ལ་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།
     ལི་ཁེ་ཆང་གིས་སྨན་ཁང་གི་འགོག་སྲུང་གྱོན་ཆས་དང་ཁ་རས་ཐོན་སྐྱེད་བྱེད་མཁན་ཧོ་ནན་དང་ཧྥུའུ་ཅན་གྱི་ཁེ་ལས་དང་བརྙན་ལམ་སྦྲེལ་མཐུད་བྱས་ནས་ལས་དུས་འཕར་མ་བྱེད་མཁན་བཟོ་པ་ཚོར་འཚམས་འདྲི་གནང་བ་རེད། ཁེ་ལས་ཀྱིས་མིག་སྔའི་ཐོན་སྐྱེད་གནས་ཚུལ་ངོ་སྤྲོད་ཞུས་ཤིང་། ཚང་མས་ཐོན་སྐྱེད་མགྱོགས་མྱུར་བྱས་ནས་རྒྱལ་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ཆེད་ནུས་ཤུགས་འདོན་རྒྱུ་ཡིན་ཞེས་བརྗོད་པ་རེད། ལི་ཁེ་ཆང་གིས་ཁེ་ལས་ཀྱིས་ཐོན་སྐྱེད་བྱེད་པར་ད་དུང་དཀའ་ངལ་གང་དག་ཡོད་མིན་དང་མ་བཅོས་རྒྱུ་ཆ་སོགས་འགན་ལེན་ནུས་ལྡན་ཐུབ་མིན་སྐོར་བཀའ་འདྲི་གནང་ཞིང་། ཁོང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་ནི་མིག་སྔའི་རྒྱལ་ཡོངས་ཀྱི་གོང་འོག་ཚང་མའི་ཁ་ཚ་དགོས་གཏུགས་ཀྱི་ལས་འགན་ཡིན་པ་དང་སྨན་བཅོས་སྔོན་འགོག་ཚོད་འཛིན་གྱི་དངོས་རྫས་མཁོ་སྤྲོད་འགན་ལེན་བྱ་རྒྱུ་ནི་དེའི་ཁྲོད་ཀྱི་ལྷུ་ཚིགས་གལ་ཆེན་ཞིག་རེད། ཐོན་སྐྱེད་ཁེ་ལས་ནི་རིམས་ནད་ལ་འགོག་རྒོལ་བྱེད་མཁན་གྱི“དམག་དོན་བཟོ་གྲྭ”ཡིན། ཐོན་རྫས་ཐོལ་པ་གཅིག་ཐོན་སྐྱེད་བྱས་པ་ནི་སྨན་དོན་མི་སྣ་དང་མི་དམངས་མང་ཚོགས་ལ་སྲུང་སྐྱོབ་དང་བདེ་འཇགས་སྲུང་ཡོལ་ཐོལ་པ་གཅིག་མང་དུ་བཏང་བ་དང་ཁྱད་མེད། དེས་ན་ཁྱེད་ཚོས་ནུས་ཤུགས་ཡོད་རྒུ་བཏོན་ནས་ཐོན་སྐྱེད་མགྱོགས་མྱུར་བྱས་ཏེ་སྤུས་ཚད་འགན་ལེན་དང་ཐོན་ཚད་མང་དུ་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
     ལི་ཁེ་ཆང་གིས་ཕེབས་རོགས་ཞུ་མཁན་གྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་ལ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་ཆབས་ཅིག་མང་ཚོགས་ཀྱི་འཚོ་བའི་མཁོ་ཆས་མཁོ་སྤྲོད་ཀྱི་ལས་འགན་ཡང་ལྕི་རུ་འགྲོ་རྒྱུ་རེད། སྔོ་ཚལ་དང་། ཤ་རིགས། སྒོ་ང་། དཀར་ཆུ་སོགས་ཀྱི་མཁོ་སྤྲོད་འགན་ལེན་བྱེད་དགོས། ས་གནས་ཁག་གིས་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་ཧུར་ཐག་གཏོང་བ་དང་། རྒྱུན་གཏན་གྱི་འགྲིམ་འགྲུལ་སྒྲིག་ལམ་སྲུང་བ། ཐོགས་མེད་བགྲོད་ལམ་ཤར་གཏོང་ཐུབ་པར་བྱེད་པ། མཐུན་སྦྱོར་གྱིས་ཟོག་འགྲེམས་སྡེབ་སྐྱེལ་ལས་དོན་ཡག་པོ་སྒྲུབ་པ། སྡེབ་ཚོང་ཁྲོམ་ར་དང་། སྒོ་རྩིས་ཚོང་ཁང་། སྟབས་བདེའི་ཚོང་ཁང་བཅས་ལ་དངོས་རྫས་དུས་ཐོག་ཏུ་ཁ་གསབ་བྱས་ནས་རྒྱུན་གཏན་གྱི་མཁོ་སྤྲོད་དང་རིན་གོང་གཞི་རྩའི་ཆ་ནས་བརྟན་པོ་ཡོང་བ་བྱེད་པ། ཟོག་གོང་ཧམ་སྤོར་དང་། འབེལ་ཉོ་དཀོན་ཚོང་། ཁེ་བཟང་ཧམ་ལེན་སོགས་ཀྱི་བྱེད་སྤྱོད་ལ་ཁྲིམས་བཞིན་ཆད་པ་ནན་པོ་གཅོད་པ། རྫུན་ལྷད་ཞན་གསུམ་ལ་རྡུང་རྡེག་གཏོང་བ། ཁྲོམ་རའི་སྒྲིག་ལམ་ལ་སྲུང་སྐྱོང་བྱེད་པ་བཅས་ཀྱི་ཐོག་ནས་མི་དམངས་མང་ཚོགས་ཀྱི་རྒྱུན་གཏན་གྱི་འཚོ་བ་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད། ལི་ཁེ་ཆང་གིས་དེ་གར་ཡོད་པའི་ལས་དོན་མི་སྣར་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། གདེང་ཚོད་བརྟན་གཏོང་དང་། བདེ་སྡུག་མཉམ་མྱོང་། ཚན་རིག་དང་མཐུན་པའི་སྒོ་ནས་འགོག་བཅོས། གནད་སྨིན་ཇུས་བསྟར་བཅས་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས་ཞེས་ལྕག་སྐུལ་གནང་བ་རེད།
     ལིའུ་ཧོ་དང་། ཞའོ་ཅེ། ཧོ་ལི་ཧྥུང་བཅས་གོང་གསལ་གྱི་བྱེད་སྒོར་ཞུགས་པ་རེད།