མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་འཕྲིན་ལན་སྤྲིངས་གནང་ནས་ཨའོ་མོན་གྱི་ལོ་ཆུང་བྱིས་པར་ལྕག་སྐུལ་གནང་བ། 
རྒྱལ་ཡོངས་ཀྱི་གྲོགས་པོ་ཆུང་ཆུང་ཚོ“དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་སྐྱིད་པོ་ཡོང་བའི་
རྟེན་འབྲེལ་ཞུས་གནང་བ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 06ཚེས་03ཉིན། 10:27】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་1ཉིན་གློག་འཕྲིན་འབྱོར་གསལ། “དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་འཆར་ལ་ཉེ་བའི་མཚམས་སུ་ཟླ་5ཚེས་31ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨའོ་མོན་ཧའོ་ཅང་སློབ་འབྲིང་གི་ཞོར་གཏོགས་དབྱིན་ཚའེ་སློབ་གྲྭའི་སློབ་ཆུང་སློབ་མར་འཕྲིན་ལན་སྤྲིངས་གནང་ནས་ཁོང་ཚོར་བྱམས་བརྩེའི་ལྕག་སྐུལ་གནང་བ་དང་སྦྲགས། ཁོང་ཚོ་དང་རྒྱལ་ཡོངས་ཀྱི་ལོ་ཆུང་བྱིས་པ་རྣམས་དུས་ཆེན་སྐྱིད་པོ་ཡོང་བའི་རྟེན་འབྲེལ་ཡང་ཞུས་གནང་བ་རེད།
     ཞི་ཅིན་ཕིང་གིས་འཕྲིན་ལན་ནང་གསུངས་དོན། ཁྱེད་ཚོས་བྲིས་པའི་རི་མོ་ཧ་ཅང་ཡག་པོ་འདུག་ལ། བཤད་པའི་སྐད་ཆའང་ལྷག་བསམ་རྣམ་དག་རེད་འདུག་པས་གྲོགས་པོ་ཆུང་ཆུང་ཚོའི་མཛེས་སྡུག་ལྡན་པའི་སེམས་ཁམས་གང་ལེགས་མཚོན་གྱི་འདུག
     ཞི་ཅིན་ཕིང་གིས་གསུངས་དོན། 《བུ་ཕྲུག་བདུན་གྱི་དྲན་གླུ》ངས་རྟག་ཏུ་དྲན་གསོས་ཀྱི་འདུག གཞས་ཚིག་ནང་ཕྱི་ཕྱོགས་སུ་ཡོད་པའི་བུ་ཕྲུག་མ་ཡུམ་གྱི་པང་དུ་ལོག་འདོད་ཀྱི་བློ་དེ་མི་སེམས་འགུལ་བ་ཞིག་ཡོད་པ་མཚོན་པར་བྱས་ཡོད། མེས་རྒྱལ་པང་དུ་ལོག་ནས་ལོ་20རིང་ཨའོ་མོན་ལ་ཉིན་རེ་ལས་མ་འདས་པར་འཕེལ་རྒྱས་གསར་པ་བྱུང་བ་དང་། ཨའོ་མོན་གྱི་སྤུན་ཟླ་ཚོའི་ལས་ཀ་དང་འཚོ་བ་ཇེ་ལེགས་སུ་ཕྱིན་ཡོད། མེས་རྒྱལ་ནི་ཨའོ་མོན་གྱི་སྲ་ཞིང་བརྟན་པའི་རྒྱབ་རྟེན་ཡིན་པ་དང་། ཁྱེད་ཚོས་ཆུང་དུས་ནས་གནས་ལུགས་དེ་ཤེས་པར་ང་རང་བློ་བདེ་པོ་བྱུང་། 
     ཞི་ཅིན་ཕིང་གིས་བསྟན་གནང་དོན། ཁྱེད་ཚོ་ནི་མེས་རྒྱལ་གྱི་མེ་ཏོག་དང་ཨའོ་མོན་གྱི་འབྱུང་འགྱུར་རེད། སློབ་མ་ཚོས་སློབ་སྤྱི་རྒན་རབས་ཏུའུ་ལན་གྱི་ཐུགས་རེ་ཆུད་ཟོས་སུ་མི་གཏོང་བར་རྒྱལ་གཅེས་ཨའོ་གཅེས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རྒྱུན་འཛིན་གྱིས། དུས་ཚོད་ལ་གཅེས་འཛིན་དང་། སློབ་སྦྱོང་ཧུར་ཐག བདེ་ཐང་ངང་འཚར་ལོངས་བཅས་ཡོང་བ་བྱས་ཏེ། ཆེན་པོ་ཆགས་རྗེས་ཨའོ་མོན་འཛུགས་སྐྲུན་དང་ཀྲུང་ཧྭ་དར་རྒྱས་ཆེད་ལེགས་སྐྱེས་གང་མང་འབུལ་རེ་ཡོད།
     1932ལོར་ཧའོ་ཅང་སློབ་འབྲིང་བཙུགས་པ་དང་། རྒྱལ་གཅེས་ཨའོ་གཅེས་དང་སྤྱི་ཚོགས་ལ་ཤེས་ལྡན་པ་གསོ་སྐྱོང་བྱ་རྒྱུ་སློབ་གཉེར་གྱི་དམིགས་ཡུལ་དུ་བཟུང་བ་དང་། ཨའོ་མོན་གྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མ་མང་ཤོས་ཀྱི་སློབ་གྲྭ་ཞིག་རེད། སློབ་གྲྭ་དེར་རྒྱལ་གཅེས་རིང་ལུགས་ཀྱི་སྲོལ་རྒྱུན་ལྡན་པ་དང་། 1949ལོའི་ཟླ་10ཚེས་1ཉིན་ཀྲུང་གོ་གསར་པ་དབུ་བརྙེས་ཙམ་ལ་སྐབས་དེའི་སློབ་སྤྱི་ཏུའུ་ལན་གྱིས་དགེ་སློབ་ཚོའི་སྣེ་ཁྲིད་ནས་སྐར་ལྔའི་དར་དམར་དང་པོ་དེ་བསྒྲེངས། ཉེ་ཆར་ཧའོ་ཅང་སློབ་འབྲིང་གི་ཞོར་གཏོགས་དབྱིན་ཚའེ་སློབ་གྲྭའི་སློབ་ཆུང་སློབ་མ་ཚོས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ནས། ཁོང་ཚོས“མ་ཡུམ་མེས་རྒྱལ”གྱི་གོ་དོན་ལ་གོ་བ་ལེན་ཚུལ་བརྗོད་ཡོད་པ་དང་། ཆེན་པོ་ཆགས་རྗེས་མེས་རྒྱལ་དང་ཨའོ་མོན་འཛུགས་སྐྲུན་དེ་བས་ཡག་པོ་བྱེད་པའི་ཆོད་སེམས་མཚོན་པར་བྱས་ཡོད།

  
style="display:none;"