མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་འཛམ་གླིང་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་ཚོགས་པའི་མཐུན་འབྲེལ་
ཚོགས་ཆེན་སྐབས་དགུ་པ་དང་ཀྲུང་ཧྭ་ཕྱི་རྒྱལ་མཐུན་འབྲེལ་ལྷན་ཚོགས་སྐབས་ལྔ་པའི་ལས་འཛིན་ཚོགས་
ཆེན་ཐེངས་དང་པོའི་འཐུས་མིར་མཇལ་འཕྲད་གནང་བ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 05ཚེས་30ཉིན། 10:23】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

༄༅༎ཞི་ཅིན་ཕིང་གིས་འཛམ་གླིང་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་ཚོགས་པའི་མཐུན་འབྲེལ་
ཚོགས་ཆེན་སྐབས་དགུ་པ་དང་ཀྲུང་ཧྭ་ཕྱི་རྒྱལ་མཐུན་འབྲེལ་ལྷན་ཚོགས་སྐབས་ལྔ་པའི་ལས་འཛིན་ཚོགས་
ཆེན་ཐེངས་དང་པོའི་འཐུས་མིར་མཇལ་འཕྲད་གནང་བ།

     དབང་དབྱང་མཇལ་འཕྲད་གནང་སྐབས་ལྷན་དུ་ཕེབས་པ།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཚེས་28ཉིན་གྱི་སྔ་དྲོ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་འཛམ་གླིང་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་ཚོགས་པའི་མཐུན་འབྲེལ་ཚོགས་ཆེན་སྐབས་དགུ་པ་དང་ཀྲུང་ཧྭ་ཕྱི་རྒྱལ་མཐུན་འབྲེལ་ལྷན་ཚོགས་སྐབས་ལྔ་པའི་ལས་འཛིན་ཚོགས་ཆེན་ཐེངས་དང་པོའི་འཐུས་མི་ཡོངས་ལ་བྱམས་བརྩེའི་ངང་མཇལ་འཕྲད་གནང་ནས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ནས་ཚང་མར་སྤྲོ་སེམས་འཁོལ་བའི་དགའ་བསུ་དང་སྙིང་དབུས་ནས་བཀྲ་ཤིས་སྨོན་འདུན་ཞུ་རྒྱུ་མ་ཟད། འཛམ་གླིང་ས་གནས་ཁག་གི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་མཇལ་འཕྲད་གནང་སྐབས་ལྷན་དུ་ཕེབས་པ་རེད།
     སྔ་དྲོའི་ཆུ་ཚོད་བཅུ་གཅིག་པར། ཞི་ཅིན་ཕིང་སོགས་མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་བྱང་མར་ཕེབས་སྐབས་ཚོགས་ར་ཡོངས་སུ་ཐལ་མོའི་རྡེབ་སྒྲ་ཡུན་རིང་གྲངས། ཞི་ཅིན་ཕིང་སོགས་ཀྱིས་འཐུས་མི་ཚོར་བྱམས་བརྩེའི་ངང་ཕྱག་བཏང་གནང་བ་དང་། མཚམས་མཚམས་སུ་གླེང་མོལ་གནང་བ་མ་ཟད། ཚང་མ་དང་ལྷན་དུ་དྲན་རྟེན་སྐུ་པར་ཡང་བསྐྱོན་པ་རེད།
     ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ཡིའུ་ཆོན་མཇལ་འཕྲད་ལ་ཕེབས་པ་དང་འབྲེལ་དེ་ཉིན་སྔ་དྲོ་འཚོགས་པའི་ཀྲུང་ཧྭ་ཕྱི་རྒྱལ་མཐུན་འབྲེལ་ལྷན་ཚོགས་སྐབས་ལྔ་པའི་ལས་འཛིན་ཚོགས་ཆེན་ཐེངས་དང་པོའི་ཐོག་གསུང་བཤད་གནང་ཞིང་། ཚོགས་འདུའི་ཐོག་ཀྲུང་ཧྭ་ཕྱི་རྒྱལ་མཐུན་འབྲེལ་ལྷན་ཚོགས་སྐབས་བཞི་པའི་ལས་འཛིན་ལྷན་ཚོགས་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་། ཀང་ཨའོ་ཐའེ་གསུམ་དང་ཕྱི་རྒྱལ་མཐུན་འབྲེལ་ལས་དོན་ལ་འཕྲད་པའི་གོ་སྐབས་དང་འགྲན་སློང་ལ་དབྱེ་ཞིབ་གཏིང་ཟབ་གནང་སྟེ། རྒྱ་ཆེའི་ཕྱི་རྒྱལ་མཐུན་འབྲེལ་ལྷན་ཚོགས་ཀྱི་ལས་འཛིན་རྣམ་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་ཐུན་མོང་ཐོག་འབད་འཐབ་བྱས་ཏེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་དང་། རེས་སྐོར་གསར་པའི་ཕྱི་ཕྱོགས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་བ། མེས་རྒྱལ་ཞི་བདེ་གཅིག་གྱུར་ལ་སྐུལ་འདེད་གཏོང་བ། མིའི་རིགས་ཀྱི་ཤེས་དཔལ་མྱོང་ལེན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་ལེགས་སྐྱེས་ཧ་ཅང་ཆེན་པོ་འབུལ་དགོས་པའི་འབོད་སྐུལ་གནང་བ་རེད།
     ཚོགས་འདུའི་ཐོག་ཀྲུང་ཧྭ་ཕྱི་རྒྱལ་མཐུན་འབྲེལ་ལྷན་ཚོགས་སྐབས་བཞི་པའི་ལས་འཛིན་ལྷན་ཚོགས་ཀྱི་ལས་དོན་སྙན་སྒྲོན་དང་། 《ཀྲུང་ཧྭ་ཕྱི་རྒྱལ་མཐུན་འབྲེལ་ལྷན་ཚོགས་དང་ཀྲུང་གོ་ཕྱི་རྒྱལ་སྤེལ་རེས་མཐུན་ཚོགས་ཟླ་སྒྲིལ་གཏོང་རྒྱུའི་སྐོར་གྱི་གྲོས་ཆོད》 《ཀྲུང་ཧྭ་ཕྱི་རྒྱལ་མཐུན་འབྲེལ་ལྷན་ཚོགས་ཀྱི་ཡིག་ཆ》སོགས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད། ཚོགས་འདུའི་ཐོག་ཡིའུ་ཆོན་ཀྲུང་ཧྭ་ཕྱི་རྒྱལ་མཐུན་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོར་བདམས་པ་དང་། ཚོགས་གཙོ་གཞོན་པ་26དང་རྒྱུན་ལས་ལས་འཛིན་230བདམས་ཐོན་བྱུང་བ་རེད།
     འཛམ་གླིང་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་ཚོགས་པའི་མཐུན་འབྲེལ་ཚོགས་ཆེན་སྐབས་དགུ་པ་ཟླ་5ཚེས་29ཉིན་འཚོགས་པ་དང་། རྒྱལ་ཁབ་དང་ས་ཁུལ་90ལྷག་ཙམ་གྱི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་ཚོགས་པའི་འགན་འཁུར་བ་450ལྷག་ཙམ་ཚོགས་ཆེན་ལ་ཞུགས་པ་རེད།

  
style="display:none;"