མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་2019ལོའི་ཀྲུང་གོའི་རྒྱལ་སྤྱིའི་ཞབས་ཞུའི་ཚོང་དོན་དང་ཉོ་ཚོང་ཚོགས་འདུར་
རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 05ཚེས་30ཉིན། 10:14】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཚེས་28ཉིན། 2019ལོའི་ཀྲུང་གོའི་རྒྱལ་སྤྱིའི་ཞབས་ཞུའི་ཚོང་དོན་དང་ཉོ་ཚོང་ཚོགས་འདུ་པེ་ཅིང་དུ་འཚོགས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉོ་ཚོང་ཚོགས་འདུར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ་རེད།
     ཞི་ཅིན་ཕིང་གིས་བསྟན་གནང་དོན། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་བསྟུན་ནས། ཞབས་ཞུའི་ཚོང་དོན་ཉིན་བཞིན་རྒྱལ་སྤྱིའི་ཚོང་དོན་གྱི་གྲུབ་ཆ་གལ་ཆེན་དང་རྒྱལ་ཁབ་ཁག་གི་དཔལ་འབྱོར་དང་ཚོང་དོན་མཉམ་ལས་ཀྱི་ཁྱབ་ཁོངས་གལ་ཆེན་དུ་གྱུར་ཏེ། འཛམ་གླིང་དཔལ་འབྱོར་འཕར་རྒྱུར་སྒུལ་ནུས་གསར་པ་བསྣན་ཡོད། ཞབས་ཞུའི་ཚོང་དོན་འཕེལ་རྒྱས་ཀྱི་མདུན་ལམ་ཡངས་ཤིང་རྒྱ་ཆེ་བ་དང་མི་མངོན་པའི་ནུས་ཤུགས་ཤིན་ཏུ་ཆེ་བས། ང་ཚོས་གོ་སྐབས་དམ་འཛིན་གྱིས་ལག་གདང་སྦྲེལ་ནས“གོ་ལ་ཧྲིལ་པོར་ཞབས་ཞུ་དང་གཉིས་ཕན་མཉམ་སྤྱོད”ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་དགོས།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོས་ཆུ་ཚད་དེ་བས་མཐོ་བའི་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པར་སྐུལ་འདེད་གཏོང་རྒྱུར་གཞོལ་བ་དང་། བློ་བརྟན་འགྱུར་མེད་ཀྱིས་ཕྱོགས་མང་ཚོང་དོན་སྒྲིག་གཞིར་རྒྱབ་སྐྱོར་བྱས་ཏེ། དེ་བས་ཆེ་བའི་ཁྱབ་ཁོངས་སུ་ཕྱི་ཕྱོགས་ཀྱི་མ་རྩ་ཁྲོམ་རར་ཞུགས་རྒྱ་ཇེ་ཆེར་བཏང་ཐོག ཚོང་གཉེར་ཁོར་ཡུག་རྩེ་གྲ་ཞིག་ཧུར་ཐག་གཏོད་རྒྱུ་ཡིན། ཀྲུང་གོས་རྒྱལ་ཁབ་ཁག་དང་མཉམ་དུ་ཞབས་ཞུའི་ཚོང་དོན་ལ་མ་རྩ་འཇོག་པའི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། ཚོང་དོན་དང་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་ལ་སྐུལ་འདེད་དང་། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དེ་བས་སྒོ་དབྱེ་དང་། བསྟུན་མཁས། ཀུན་ཕན། དོ་སྙོམས། གཉིས་ཁེ་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་སྤེལ་གཏོང་རྒྱུ་ཡིན། སྐབས་འདིའི་ཉོ་ཚོང་ཚོགས་འདུའི་བརྗོད་དོན་གཙོ་བོ་ནི“སྒོ་དབྱེ་དང་། གསར་གཏོད། བློ་གྲོས། མཉམ་འདྲེས”བཅས་ཡིན། འཐུས་མི་དང་སྐུ་མགྲོན་རྣམ་པས་སྤེལ་རེས་གཏིང་ཟབ་དང་། ཐུན་མོང་གི་ངོས་འཛིན་གཅིག་མཐུན། མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ཐུན་མོང་ཐོག་གོ་ལ་ཧྲིལ་པོའི་ཞབས་ཞུའི་ཚོང་དོན་དར་རྒྱས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་བཏང་ནས། འཛམ་གླིང་དཔལ་འབྱོར་འཕེལ་ཕྱོགས་ཀྱི་སྣེ་ཁྲིད་བྱེད་པ་དང་། རྒྱལ་ཁབ་ཁག་གི་མི་དམངས་ལ་བདེ་རྩ་བསྐྲུན་ཐོག མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ལ་སྐུལ་སྤེལ་གཏོང་རེ་བྱེད་ཀྱི་ཡོད།

  
style="display:none;"