འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱུད་ཆད་ལ་ཉེ་བའི་བྱིའུ་སྒང་པ་ལུགས་ཀྱི་ཐང་ག་ཞོ་སྟོན་སྐབས་འགྲེམས་སྟོན་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་17ཉིན། 14:21】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་ཐང་ག་སྤུས་ལེགས་84ལྷ་སའི་ཞོ་སྟོན་རིང་འགྲེམས་སྟོན་བྱས་ཤིང་། དེའི་ནང་གི་《མ་ཅིག་ལབ་སྒྲོན་》དང་《དབྱངས་ཅན་མ་》ཞེས་བྱིའུ་སྒང་པའི་ལུགས་ཀྱི་ཐང་གའི་བརྩམས་ཆོས་གཉིས་ལ་ཀུན་གྱིས་དོ་ཁུར་བྱས་ཡོད། ལོ་མང་པོའི་རྒྱུན་འཛིན་དང་སྲུང་སྐྱོབ་བྱས་པར་བརྟེན། རྒྱུད་ཆད་ལ་ཉེ་བའི་ཐང་གའི་ལུགས་འདི་འཕེལ་རྒྱས་གསར་པ་བྱུང་ཡོད།
            ཐང་གའི་འགྲེམས་སྟོན་ནི་ཞོ་སྟོན་སྐབས་ཀྱི་ནང་དོན་གལ་ཆེན་ཞིག་ཡིན་པས་ལོ་རེར་ཀུན་གྱིས་དོ་སྣང་ཆེན་པོ་བྱེད་བཞིན་ཡོད། ད་ལོའི་ཞོ་སྟོན་རིང་ལྷ་རིས་པ་30ལྷག་གི་སྨན་ཐང་དང་ཀརྨ་སྒར་བྲིས་སོགས་ལུགས་མང་པོའི་ཐང་གའི་བརྩམས་ཆོས་འགྲེམས་སྟོན་བྱས་ཡོད། དེའི་ནང་ནས་མི་རྣམས་ཆེས་ཧང་སངས་དགོས་པ་ཞིག་ནི་བྱིའུ་སྒང་པ་ལུགས་ཀྱི་ཐང་ག་འགྲེམས་སྟོན་བྱུང་བ་དེ་ཡིན། བརྩམས་ཆོས་དེ་གཉིས་ནི་གཞིས་རྩེའི་ལྷ་རིས་པ་བཀྲ་ཤིས་དོན་གྲུབ་དང་སྐལ་བཟང་བཀྲ་ཤིས་ཀྱིས་བཞེངས་པ་རེད། སྒྱུ་རྩལ་ལ་དགའ་པོ་བྱེད་མཁན་མི་ཉུང་བས་གཞི་ནས་ཐུན་མོང་མ་ཡིན་པའི་ཐང་གའི་འབྲི་ལུགས་འདིར་མཇལ་བའི་གོ་སྐབས་བྱུང་ཡོད།
           བྱིའུ་སྒང་པ་ལུགས་འདི་ནི་མྱང་སྟོད་བྱིའུ་སྒང་པས་སྲོལ་བཏོད་པ་དང་། དུས་རབས་13པར་དབུས་གཙང་དུ་དར་ཞིང་། རྗེས་སུ་བོད་ཤར་རྒྱུད་དུ་ཁྱབ་པ་རེད། དུས་ཡུན་རིང་པོ་སོང་རྐྱེན་གནའ་བོའི་དགོན་སྡེའི་ལྡེབས་རིས་འགའ་མ་གཏོགས་ལུགས་འདིའི་ཐང་ག་ད་ལྟ་ཉར་ཚགས་བྱས་པ་ཧ་ཅང་དཀོན། 
           བོད་རང་སྐྱོང་ལྗོངས་མཛེས་རྩལ་མཐུན་ཚོགས་ཀྱི་དྲུང་ཆེན་སྤེན་པས་ངོ་སྤྲད་པར་གཞིགས་ན། བྱིའུ་སྒང་པ་ནི་ཧ་ཅང་ཁྱད་ཆོས་ལྡན་པའི་ཐང་གའི་ལུགས་ཞིག་རེད། དེས་བལ་ཡུལ་དང་རྒྱ་གར་ནུབ་ཕྱོགས་ཀྱི་རི་མོའི་ཉམས་འགྱུར་གྱི་ཁྱད་ཆོས་འགའ་ཤས་བསྡུ་ལེན་བྱས་པའི་རྨང་གཞིའི་ཐོག་རང་མི་རིགས་ཀྱི་རི་མོའི་འབྲི་ལུགས་དང་འབྲེལ་ནས། མི་སྣའི་བཀོད་པ་ལྟ་སྣང་འདོད་པ་དང་འབྲི་བདེ་བ། རྒྱན་རིས་ཞིབ་ཚགས་པ། སྨྱུག་རིམ་ཞིབ་ཅིང་ཕྲ་བ། རྒྱན་གོས་ལ་འགྱུར་བ་ཆེ་བ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད།
           མིག་སྔར་བོད་ལྗོངས་ཆབ་མདོ་དང་གཞིས་རྩེ་གྲོང་ཁྱེར་གཉིས་སུ་ད་དུང་བྱིའུ་སྒང་པ་ལུགས་ཀྱི་ཐང་གའི་ལག་རྩལ་རྒྱུན་འཛིན་བྱེད་མཁན་ཡོད་ཅིང་། ལྷ་རིས་པ་ཁ་ཤས་ཀྱིས་བརྩམས་ཆོས་གསར་པ་ཟམ་མི་ཆད་པར་གསར་རྩོམ་བྱེད་པའི་དུས་མཉམ་དུ་དགེ་ཕྲུག་མང་དུ་གསོ་སྐྱོང་བྱས་ནས་ལུགས་འདིའི་རྒྱུད་ཆད་མི་ཡོང་བར་འབད་བཞིན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།