འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་ཞ་མོན་མཁའ་འགྲུལ་ཀུང་སིའི་གནམ་གྲུ་ཞིག་ཧྥི་ལི་ཕིན་གྱི་མ་ནི་ལའི་གནམ་ཐང་དུ་
    འབབ་སྐབས་རྒྱུག་ལམ་ནས་ཁ་ཤོར་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་17ཉིན། 13:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཀྲུང་གོ་ཞ་མོན་མཁའ་འགྲུལ་ཀུང་སིའི་གནམ་གྲུ་ཞིག་ཧྥི་ལི་ཕིན་གྱི་མ་ནི་ལའི་གནམ་ཐང་དུ་
འབབ་སྐབས་རྒྱུག་ལམ་ནས་ཁ་ཤོར་བ།
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་17ཉིན་གྱི་ཐོ་རེངས་སུ། ཀྲུང་གོ་ཞ་མོན་མཁའ་འགྲུལ་ཀུང་སིའི་གནམ་གྲུ་ཞིག་ཧྥི་ལི་ཕིན་གྱི་རྒྱལ་ས་མ་ནི་ལའི་གནམ་ཐང་དུ་འབབ་སྐབས་རྒྱུག་ལམ་ནས་ཁ་ཤོར་བ་དང་། མི་གཅིག་ལའང་རྨས་སྐྱོན་ཕོག་མེད་ལ་གནམ་གྲུའི་ནང་གི་མི་ཚང་མ་བདེ་འཇགས་ངང་ཕྱིར་འཐེན་བྱས་ཡོད།
         མ་ནི་ལའི་གནམ་ཐང་གི་ལས་མིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བརྗོད་དོན། ས་གནས་དེ་གའི་དུས་ཚོད་ཚེས་17ཉིན་གྱི་ཆུ་ཚོད་0དང་སྐར་མ་5ཡས་མས་སུ། ཞ་མོན་མཁའ་འགྲུལ་ཀུང་སིའི་ཞ་མོན་ནས་མ་ནི་ལར་འཕུར་བའི་MF8667གནམ་གྲུ་མ་ནི་ལའི་གནམ་གྲུ་ཐང་དུ་བབས་སྐབས་རྒྱུག་ལམ་ནས་ཁ་ཤོར་བ་རེད། གནམ་གྲུ་བབས་རྗེས། གནམ་གྲུའི་ནང་གི་མི་ཚང་མ་བདེ་འཇགས་ངང་ཕྱིར་འཐེན་བྱས་ཡོད་ཅིང་། སྐབས་དེར་ཏག་ཏག་ཆར་པ་འབབ་ཀྱི་ཡོད་པས། གནམ་ཐང་ཕྱོགས་ཀྱིས་གནས་སྐབས་ཀྱི་གུར་ཕུབ་ནས་འགྲུལ་པ་དང་གནམ་གྲུའི་ནང་གི་ལས་མིར་ཆར་གཡོལ་བྱེད་ས་མཁོ་འདོན་བྱས་ཡོད། དེ་རྗེས་རླངས་འཁོར་བཀོད་སྒྲིག་བྱས་ནས་གནམ་གྲུའི་བབས་ཚུགས་ཀྱི་ཐོག་ཁང་དུ་བསྐྱལ་ཡོད།
         ཞ་མོན་མཁའ་འགྲུལ་ཀུང་སིས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་གནས་ཚུལ་ཁྱབ་བསྒྲགས་བྱས་ནས། དུས་གཏན་གནམ་གྲུ་MF8667མ་ནི་ལ་གནམ་ཐང་དུ་འབབ་སྐབས་རྒྱུག་ལམ་ནས་ཁ་ཤོར་བའི་དོན་རྐྱེན་བྱུང་བ་དང་། གནམ་གྲུའི་ནང་གི་ལས་མིས་གང་མགྱོགས་བབ་བསྟུན་གྱི་ཕྱིར་འཐེན་གོ་རིམ་སྤེལ་བས་གནམ་གྲུའི་ནང་གི་འགྲུལ་པ་157དང་ལས་མི་8བཅས་ཚང་མ་བདེ་འཇགས་ངང་ཕྱིར་འཐེན་བྱས་ཡོད་པ་དང་། མི་གཅིག་ལའང་རྨས་སྐྱོན་ཕོག་མེད་ཅེས་བརྗོད་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།