འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།དཀའ་ངལ་ཡོད་པའི་བྱིས་པ་ནད་པའི་སྐྱེས་གཟུགས་ལྷན་སྐྱེས་ཡ་མ་གཟུགས་ལ་རོགས་
    སྐྱོར་བྱེད་པའི་རྣམ་གྲངས་ལག་བསྟར་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་06ཉིན། 10:56】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་4ཉིན། གསར་འགོད་པར་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་འཆར་བཙའ་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་ཀྲུང་གོ་ལྷན་སྐྱེས་སྐྱེས་གཟུགས་ཡ་མ་གཟུགས་སྔོན་འགོག་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས(གཤམ་ལ་ཐེབས་རྩ་ལྷན་ཚོགས་ཞེས་བསྡུ་རྒྱུ)ཀྱིས་མཚོ་སྔོན་ཞིང་ཆེན་དུ་སྐྱེས་གཟུགས་ལྷན་སྐྱེས་ཡ་མ་གཟུགས་ལ་རོགས་སྐྱོར་བྱེད་པའི་རྣམ་གྲངས་ལག་བསྟར་བྱས་པ་དང་འབྲེལ་《མཚོ་སྔོན་ཞིང་ཆེན་གྱི་སྐྱེས་གཟུགས་ལྷན་སྐྱེས་ཡ་མ་གཟུགས་ལ་རོགས་སྐྱོར་བྱེད་པའི་རྣམ་གྲངས་ལག་བསྟར་ཇུས་གཞི་》པར་འགྲེམས་བྱས་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ལག་བསྟར་ཇུས་གཞི་དེའི་ནང་རོགས་སྐྱོར་བྱེད་པའི་ནད་རིགས་གྲས་སུ་ནད་ཐོག་སྨན་བཅོས་བྱས་ནས་དབང་རྩའི་མ་ལག་གི་སྐྱེས་གཟུགས་ལྷན་སྐྱེས་ཡ་མ་གཟུགས་དང་། འཇུ་བྱེད་མ་ལག་གི་སྐྱེས་གཟུགས་ལྷན་སྐྱེས་ཡ་མ་གཟུགས། གཅིན་ལམ་མ་ལག་དང་སྐྱེ་འཕེལ་དབང་པོའི་སྐྱེས་གཟུགས་ལྷན་སྐྱེས་ཡ་མ་གཟུགས། ཤ་ཤེད་རུས་སྒྲོམ་མ་ལག་གི་སྐྱེས་གཟུགས་ལྷན་སྐྱེས་ཡ་མ་གཟུགས། དབུགས་ལམ་མ་ལག་གི་སྐྱེས་གཟུགས་ལྷན་སྐྱེས་ཡ་མ་གཟུགས། དབང་པོ་ལྔའི་སྐྱེས་གཟུགས་ལྷན་སྐྱེས་ཡ་མ་གཟུགས་བཅས་ཁག་དྲུག་གི་སྐྱེས་གཟུགས་ལྷན་སྐྱེས་ཡ་མ་གཟུགས་ཀྱི་ནད་གཞི་ཁ་གསལ་བཟོས་པ་དང་དུས་མཚུངས་རོགས་སྐྱོར་བྱ་ཡུལ་ནི་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གྲོང་རྡལ་དང་ཞིང་འབྲོག་ཁུལ་གྱི་ལོ་0ནས་18བར(ལོ་18ཚུད་པ)གྱི་དཀའ་ངལ་ཡོད་པའི་ནད་པ་ཡིན་པ་དང་། རྣམ་གྲངས་དོ་དམ་སྒྲིག་གཞི་དང་དམིགས་བཙུགས་སྨན་བཅོས་སྒྲིག་གཞི་གཏན་འཁེལ་བྱས་པ་སྟེ། མཚོ་སྔོན་ཞིང་ཆེན་བུད་མེད་དང་བྱིས་པའི་སྨན་ཁང་རྣམ་གྲངས་དོ་དམ་སྒྲིག་གཞིར་ཡིན་པ་དང་། མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་དང་། མཚོ་སྔོན་ཞིང་ཆེན་བུད་མེད་དང་བྱིས་པའི་སྨན་ཁང་། མཚོ་སྔོན་སློབ་ཆེན་གྱི་ཞོར་གཏོགས་སྨན་ཁང་། མཚོ་སྔོན་རྒྱ་གྲམ་དམར་པོ་ཚོགས་པའི་སྨན་ཁང་། ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་དང་པོ་བཅས་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། 2017ལོའི་ཟླ་1ཚེས་1ཉིན་ནས་བཟུང་ནད་གཞི་ཕོག་པའི་བྱིས་པ་དམིགས་བཙུགས་སྨན་བཅོས་སྒྲིག་གཞིར་ནད་གཞི་བརྟག་དཔྱད་དང་། གཤགས་བཅོས། སྨན་བཅོས་བཅས་ཀྱི་སྨན་རིན་གྱི་ཁ་གསབ་རོགས་དངུལ་སྤྲོད་པ་རེད། ནད་པའི་སྨན་རིན་རང་སྤྲོད་གནས་ཚུལ་གཞིར་བཟུང་། ཐེངས་གཅིག་ལ་སྒོར་3000ནས་30000བར་གྱི་སྨན་བཅོས་ཁ་གསབ་རོགས་དངུལ་སྤྲད་པ་དང་། རང་སྤྲོད་ཆ་ཤས་ནང་སྒོར་3000ཡན(སྒོར་3000ཚུད་པ)བརྒལ་བ་དང་སྒོར་4000ལས་ཉུང་བའི་ཁ་གསབ་ཚད་གཞི་སྒོར་3000ཡིན་པ། རང་སྤྲོད་ཆ་ཤས་སྒོར་4000ཡན(སྒོར་4000ཚུད་པ)བརྒལ་ཚེ་རང་སྤྲོད་སྨན་རིན་གྱི་75%གཞིར་བཟུང་ཁ་གསབ་སྤྲད་པ། ཁ་གསབ་རོགས་དངུལ་གྱི་ཚད་གཞི་མཐོ་ཤོས་སྒོར་30000(སྒོར་ཁྲི་30000ཚུད་པ)རེད། ནད་པ་གཅིག་གིས་ནད་གཞི་གཅིག་གི་རྐྱེན་པས་ཁག་བགོས་ངང་རོགས་སྐྱོར་རེ་ཞུ་བྱས་པའམ་ཡང་ན་ནད་པ་གཅིག་གིས་ནད་གཞི་མི་འདྲ་བར་བརྟེན་ནས་ཁག་བགོས་རོགས་སྐྱོར་རེ་ཞུ་བྱས་ཚེ་རྣམ་གྲངས་ཀྱིས་ཁ་གསབ་རོགས་དངུལ་ཐེངས་གཅིག་ལས་སྤྲོད་ཀྱི་མེད་པ་རེད།
         དཀའ་ངལ་ཡོད་པའི་བྱིས་པ་ནད་པའི་སྐྱེས་གཟུགས་ལྷན་སྐྱེས་ཡ་མ་གཟུགས་ཀྱི་རོགས་སྐྱོར་རྣམ་གྲངས་དེ་ནད་གཞི་ཐོན་མང་བ་དང་། སྔོན་འགོག་ལག་རྩལ་བྱང་ཆུབ་པ། སྨན་བཅོས་ཕན་འབྲས་བཟང་པོ་ཐོན་པའི་སྐྱེས་གཟུགས་ལྷན་སྐྱེས་ཡ་མ་གཟུགས་ཀྱི་ནད་གཞིར་དམིགས་ནས་དཀའ་ངལ་ཡོད་པའི་བྱིས་པ་ནད་པའི་ཁྱིམ་ཚང་ལ་སྨན་བཅོས་ཀྱི་ཁ་གསབ་རོགས་དངུལ་སྤྲོད་ཀྱི་ཡོད་པ་རེད། བྱིས་པ་ནད་པའི་ཁྲིམས་གཏན་འཁེལ་བའི་ལྟ་སྲུང་བས་དམིགས་བཙུགས་སྨན་བཅོས་སྒྲིག་གཞི་བརྒྱུད་ཐེབས་རྩ་ལྷན་ཚོགས་ལ་རོགས་སྐྱོར་རེ་ཞུ་བྱ་ཆོག་པ་དང་ཐོབ་ཐང་གི་དཔང་ཡིག་དང་། ནད་གཞི་དང་སྨན་བཅོས་ཀྱི་དཔང་ཡིག དཔལ་འབྱོར་གནས་ཚུལ་གྱི་དཔང་ཡིག་མཁོ་འདོན་བྱེད་དགོས། ཞིང་ཆེན་རིམ་པའི་རྣམ་གྲངས་དོ་དམ་སྒྲིག་གཞིས་བསྐྱར་ཞིབ་བྱས་རྗེས་ཐེབས་རྩ་ལྷན་ཚོགས་ལ་སྙན་ཞུ་འབུལ་དགོས་པ་དང་ཐེབས་རྩ་ལྷན་ཚོགས་ཀྱིས་བསྐྱར་ཞིབ་བྱས་རྗེས་བྱིས་པ་ནད་པའི་ཁྱིམ་ཚང་ལ་རོགས་སྐྱོར་མ་དངུལ་སྤྲོད་ཀྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།