འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་འབྲེལ་པུས་ཕོ་བྲང་དཀར་པོའི་གསལ་བསྒྲགས་ལ་གནས་ཚུལ་འགྱུར་ལྡོག་ཇི་བཞིན་རྒྱལ་ཁབ་
    ཀྱི་མཚན་སྙན་ཡང་དེ་བཞིན་སྐྱོ་རུ་དང་ཆུང་ངུར་འགྲོ་ཞེས་ལན་སློག་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་31ཉིན། 15:32】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་30ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་ཨ་རིའི་ཕོ་བྲང་དཀར་པོས་ཚེས་29ཉིན་སྤེལ་བའི་གསལ་བསྒྲགས་ལ་ལན་སློག་པ་སྟེ། རྒྱལ་སྤྱིའི་འབྲེལ་བའི་ཁྲོད་དུ་གནས་ཚུལ་ལ་འགྱུར་ལྡོག་དང་ཁ་གཏན་ཚིག་ལ་མ་གནས་ན་ཚང་མ་རང་ཉིད་རྒྱལ་ཁབ་ཀྱི་མཚན་སྙན་སྐྱོ་རུ་དང་ཆུང་ངུར་འགྲོ་བ་རེད་ཅེས་ལན་སློག་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་ལ་ཁ་གཏན་ཚིག་གནས་ཀྱི་མཉམ་འབྲེལ་གསལ་བསྒྲགས་དགོངས་དོན་ལྟར་གཅིག་ལ་གཅིག་གཏད་ཀྱི་མདུན་དུ་བསྐྱོད་པར་སྐུལ་ལྕགས་བཏང་ཡོད། 
          ཉིན་དེའི་འཆར་ཅན་གསར་འགོད་པའི་ཚོགས་འདུའི་ཐོག་ཏུ་གསར་འགོད་པས། གནས་ཚུལ་སྤེལ་བ་ལྟར་ན་ཨ་རིའི་ཕོ་བྲང་དཀར་པོས་ཚེས་29ཉིན་སྤེལ་བའི་གསལ་བསྒྲགས་ནང་། ཨ་རི་ཕྱོགས་ཀྱིས་ཟླ་6ཚེས་15ཉིན་གོང་བསྡོམས་འབོར་ཧ་ལམ་ཨ་སྒོར་དུང་ཕྱུར་500ཡི་ཀྲུང་གོ་ནས་ཨ་རིར་ཕྱིར་གཏོང་གི་བཟོ་ལས་ལག་རྩལ་གྱི་ཐོན་རྫས་རྩིས་ཐོ་དང་སྒོ་ཁྲལ་25%བསྡུ་ལེན་བྱ་རྒྱུའི་སྤྱི་བསྒྲགས་བྱས་པར། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་ལ་ཇི་ལྟར་གླེང་ངམ།
         ཧྭ་ཁྲུན་ཡིང་གིས་རྒྱལ་སྤྱིའི་འབྲེལ་བའི་ཁྲོད་དུ་གནས་ཚུལ་ལ་འགྱུར་ལྡོག་དང་ཁ་གཏན་ཚིག་ལ་མ་གནས་ན་ཚང་མ་རང་ཉིད་རྒྱལ་ཁབ་ཀྱི་མཚན་སྙན་སྐྱོ་རུ་དང་ཆུང་ངུར་འགྲོ་བ་དང་། ཨ་རི་ཕྱོགས་ཀྱི་འབྲེལ་ཡོད་གསལ་བསྒྲགས་དེས་ཡུན་རིང་མ་སོང་གོང་ཝ་ཧྲིང་ཐོན་དུ་ཀྲུང་ཨ་ཕྱོགས་གཉིས་པོས་ཐུན་མོང་གི་ངོས་འཛིན་བྱུང་བ་ལས་འགལ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་ལ་ཁ་གཏན་ཚིག་གནས་ཀྱི་མཉམ་འབྲེལ་གསལ་བསྒྲགས་དགོངས་དོན་ལྟར་གཅིག་ལ་གཅིག་གཏད་ཀྱི་མདུན་དུ་བསྐྱོད་པར་སྐུལ་ལྕགས་བཏང་ཅེས་བརྗོད་ཡོད། 
          ཧྭ་ཁྲུན་ཡིང་གིས་ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་འདྲ་མཉམ་གྲོས་མོལ་དང་། འཛུགས་སྐྲུན་རང་བཞིན་གྱི་དགེ་མཚན་ལྡན་པའི་བྱ་ཐབས་སྤྱད་དེ་འབྲེལ་ཡོད་དཔལ་འབྱོར་ཉོ་ཚོང་གི་འགལ་བ་ཐག་གཅོད་བྱ་རྒྱུ་ཡིན། འདིས་ཀྲུང་ཨའི་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཕུགས་ཀྱི་ཁེ་ཕན་དང་མཐུན་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་གི་རེ་སྒུག་དང་ཡང་མཐུན་ཡོད་པ་རེད།
         ཧྭ་ཁྲུན་ཡིང་གིས། “ཀྲུང་གོ་ཕྱོགས་ཀྱིས་ཚོང་དོན་དམག་རྒྱག་མི་འདོད། འོན་ཀྱང་བརྒྱབ་ཡང་མི་སྐྲག དགྲ་བོ་ཡོང་ན་དཔོན་དམག་གིས་འགོག ཆུ་བོ་ཡོང་ན་ས་ཡིས་འགོག གལ་ཏེ་ཨ་རི་ཕྱོགས་ཀྱིས་ཨུ་ཚུགས་ཀྱི་གང་འདོད་ལྟར་བྱས་ཚེ། ཀྲུང་གོ་ཕྱོགས་ཀྱིས་ནུས་ལྡན་གྱི་བྱ་ཐབས་སྤྱད་ནས་རང་ངོས་ཀྱི་ལུགས་མཐུན་ཁེ་ཕན་སྲུང་སྐྱོང་བྱ་རྒྱུ་ཡིན་ཅེས་བརྗོད་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།