འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི་ཚ་རླབས་འཕྱུར།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་17ཉིན། 11:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཁྲུང་ཆིང་ནས་རླངས་འཁོར་བཏང་སྟེ་བོད་དུ་ཡོང་བའི་སྐུ་ཞབས་པེ་ལགས་ཀྱིས“བོད་དུ་ཡོང་སྐབས་མཛེས་ལྗོངས་ཁུལ་ཚང་མར་སྒོ་འཛིན་དགོས་ཀྱི་མི་འདུག སྐར་མ་རིམ་པའི་ཨར་ཁང་ཡང་རིན་གོང་གཅོག་གི་འདུག ལམ་བར་དུ་དཀའ་ལས་ཁག་ཙམ་ཡོད་ཀྱང་ཡུལ་སྐོར་ཉམས་སུ་མྱོང་བའི་གོ་སྐབས་ཡག་པོ་ཞིག་རེད”ཅེས“དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི”སྐོར་གླེང་སྐབས་བསྔགས་བརྗོད་ཚད་མེད་བྱེད་ཀྱི་འདུག བསྡོམས་རྩིས་ལ་གཞིགས་ན། འདི་ལོའི་ཟླ་1ནས་ཟླ་4བར་བོད་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་266.7ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་63.5%འཕར་ཡོད་པ་རེད།
         བོད་ལྗོངས་སུ་ཡུལ་སྐོར་བྱེད་པའི་དུས་ཚིགས་རང་བཞིན་ཧ་ཅང་ཆེན་པོ་ཡོད་པ་སྟེ། ལོ་ལྟར་གྱི་ཟླ་5པའི་ཟླ་སྟོད་ནས་ཟླ་10པའི་ཟླ་མཇུག་བར་མཛེས་ལྗོངས་ཁུལ་ཁག་ཏུ་ཡུལ་སྐོར་བས་ཁེངས་རུང་། ཟླ་11ནས་ཕྱི་ལོའི་ཟླ་4བར་ཡུལ་སྐོར་བ་ཉུང་ཤས་ལས་མེད། ལོ་24ལ་སླེབས་པའི་ཕོ་ཞོན་ཏིང་ལགས་ཀྱིས་ལྷ་སར་ཡུལ་སྐོར་ཁྱད་ལྡན་ཡུལ་ཟོག་ཚོང་ཁང་ཞིག་བཙུགས་ཡོད་པ་དང་ཁོང་གིས“སྔོན་ཆད་དགུན་ཁ་ཤར་མ་ཐག་ཁྲོམ་གཞུང་དུ་ཡུལ་སྐོར་བ་ཁ་ཤས་ལས་མཐོང་རྒྱུ་མེད་པ་དང་ཟླ་12པར་སླེབས་སྐབས་ཚོང་ཁང་མང་ཆེ་བ་སྒོ་བརྒྱབ་ནས་ཚོང་པ་མང་ཆེ་བ་ནང་སར་ལོ་གསར་གཏོང་རྒྱུའི་བར་འགྲོ་ཡི་ཡོད། འོན་ཀྱང་འདི་ལོ་དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི་གཟིགས་སྐྱོང་སྲིད་ཇུས་བཏོན་རྗེས་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ནས་ནང་སར་ལོག་པའི་ཚོང་པ་མང་པོ་སླར་ཡང་བོད་དུ་ལོག་ནས་ཚོང་རྒྱག་གི་ཡོད་པས་འཁྲུག་ཆ་ཧ་ཅང་དོད་པོ་འདུག”ཅེས་བཤད།
         བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགན་ཁུར་བས“དགུན་དུས་བོད་དུ་ཡུལ་སྐོར་བྱེད་པ་ནི་དམངས་ཕན་དམངས་ཕྱུག་གི་འདུ་འགོད་གལ་ཆེན་ཞིག་ཡིན་པས་བོད་ཀྱི་ངོས་ནས་བརྗོད་ན་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་རྒྱག་པ་དང་། མི་རིགས་དབར་སྤེལ་རེས་ལ་སྐུལ་མ་གཏོང་བ། མི་རིགས་མཐུན་སྒྲིལ་ཟབ་ཏུ་གཏོང་བ་བཅས་ཀྱི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་རེད”ཅེས་བཤད།
         བོད་རང་སྐྱོང་ལྗོངས་ཀྱིས་འདི་ལོའི་ཟླ་2ཚེས་1ནས་ཟླ་4ཚེས་30ཉིན་བར“དགུན་དུས་བོད་དུ་ཡུལ་སྐོར་བྱེད·སའི་གོ་ལའི་སྣེ་གསུམ་པ་མཉམ་སྤྱོད་བྱེད”ཅེས་པའི་བྱེད་སྒོ་སྤེལ་བ་དང་ལྗོངས་ཡོངས་ཀྱི་Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་རིན་མེད་ངང་ཕྱི་ཕྱོགས་སུ་སྒོ་མོ་ཕྱེ་བ་དང་ཆབས་ཅིག་ཨར་ཁང་དང་མགྲོན་ཁང་དང་། ཡུལ་སྐོར་རླངས་འཁོར། མཁའ་ལམ་དང་ལྕགས་ལམ། ཡུལ་སྐོར་ཚོགས་སྒྲིག་སོགས་ཚུད་པའི་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་བྱས་ཏེ་དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་ཡུལ་སྐོར་བ་དགུན་དུས་བོད་དུ་ཡུལ་སྐོར་བྱ་རྒྱུར་འཚམ་པའི་རྣམ་གྲངས་དང་རིག་གནས་ཐོན་རྫས་ཁྱབ་གདལ་བཏང་ནས་དགུན་དུས་བོད་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བའི་ཡིད་དབང་འགུག་ཤུགས་ཆེ་རུ་ཤུགས་ཆེན་བཏང་ཡོད་པ་རེད།
        ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའི་ཁྲུའུ་ཀྲང་གཞོན་པ་འབྱོར་ལྡན་གྱིས“དེ་སྔ་ཡུལ་སྐོར་བྱེད་ཉུང་བའི་སྐབས་སུ་ཕོ་བྲང་པོ་ཏ་ལར་ཡུལ་སྐོར་བ་ཉུང་ཤས་ལས་མེད། སྒོ་འཛིན་མི་དགོས་པའི་སྲིད་ཇུས་ལག་བསྟར་བྱས་རྗེས་འདི་ལོའི་ཟླ་2པའི་ཟླ་མཇུག་ཏུ་ཡུལ་སྐོར་བ་ཧ་ཅང་མང་དུ་ཕྱིན་ཏེ་སྐབས་རེ་ཉིན་གཅིག་ལ་མི་ཐེངས་7000ལས་བརྒལ་གྱི་ཡོད། དེ་ནི་ཡུལ་སྐོར་བ་མང་བའི་དུས་ཀྱི་ཉིན་གཅིག་ལ་མི་ཐེངས་5000ཡོད་པ་ལས་མང་དུ་ཤུགས་ཆེན་ཕྱིན་པས་ཟླ་4པའི་ཟླ་འགོར་ང་ཚོས་སྔོན་ཚུད་ནས་ཐོ་འགོད་བྱེད་པ་སོགས་ཀྱི་ཚོད་འཛིན་བྱེད་ཐབས་མ་བཟོ་ཀ་མེད་བྱུང”ཞེས་བཤད།
         ངོ་སྤྲོད་བྱས་པར་གཞིགས་ན། བོད་རང་སྐྱོང་ལྗོངས་ཀྱིས“དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི”གཟིགས་སྐྱོང་སྲིད་ཇུས་ཟླ་6ཚེས་30ཉིན་བར་རྒྱུན་མཐུད་རྒྱུའི་གཏན་འཁེལ་བྱས་པ་རེད། ས་ཁོངས་ཧྲིལ་པོ་དང་དུས་རྟག་ཏུ་དང་འཕེལ་རྒྱས་ཀྱི་བསམ་ཕྱོགས་མཉམ་འདྲེས་བྱས་པ་གཞིར་བཟུང་། བོད་ལྗོངས་ཀྱིས་འདི་ལོ་ཡུལ་སྐོར་བའི་བསྡོམས་འབོར་མི་ཐེངས་ཁྲི་800ཡན་འཕར་བ་བྱས་ནས་མི་ཐེངས་ཁྲི་3300ཟིན་པ་བྱ་རྒྱུ་དང“ཡུལ་སྐོར་བ་ཉུང་བའི་དུས་སུ་ཡུལ་སྐོར་བ་མང་པོ་ཡོད་པ་མ་ཟད་མང་བའི་དུས་སུ་དེ་བས་མང་བ་ཡོད་པའི”བརྩོན་ལེན་བྱེད་ཀྱི་ཡོད་པ་རེད།
      
    2018-05-16

    ཕྱོགས་བསྡུས་གསར་འགྱུར།