འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་པོའི་འདབ་ཆགས་གླིང་དང་བྱེ་མ་ལ་བདུན་མཛེས་ལྗོངས་ཁུལ་གཉེར་སྐྱོང་བྱེད་
    མཚམས་བཞག་ནས་སྣོད་བཅུད་སྲུང་སྐྱོང་བྱེད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་17ཉིན། 10:58】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་ལྔ་པའི་མཚོ་སྔོན་དུ་གནམ་གཤིས་དྲོ་རུ་ཕྱིན་པས་མཚོ་སྔོན་པོར་དུས་བྱ་མང་པོ་འཁོར་ཞིང་། ཉེ་འགྲམ་གྱི་སྣོད་བཅུད་མ་ལག་སྲུང་སྐྱོང་བྱ་ཆེད་འདི་ལོའི་ཡུལ་སྐོར་བ་མང་བའི་དུས་ཚིགས་སུ་མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་འདབ་ཆགས་གླིང་དང་བྱེ་མ་ལ་བདུན་མཛེས་ལྗོངས་ཁུལ་ཕྱི་ལ་གཉེར་སྐྱོང་བྱེད་མཚམས་མུ་མཐུད་བཞག་ཡོད།
         མཚོ་སྔོན་པོ་ནི་རང་རྒྱལ་གྱི་སྐམ་སའི་དབུས་ཁུལ་གྱི་ཚྭ་མཚེའུ་ཆེ་ཤོས་ཡིན་ལ་རྒྱལ་སྤྱིའི་འདམ་ར་གལ་ཆེན་ཞིག་ཀྱང་ཡིན། ཆུ་བྱ་སྐྱེ་འཕེལ་བྱེད་ས་གཙོ་བོ་ཞིག་ཡིན་པས་ལོ་ལྟར་ཆུ་བྱ་ཁྲི་6ཙམ་མཚོ་སྔོན་པོའི་འདབ་ཆགས་གླིང་དུ་ཡོང་ནས་སྐྱེ་འཕེལ་དང་ཆུ་བྱ་ཁྲི་10ཙམ་གནས་སྤོ་འཚོ་སྡོད་བྱེད་ཀྱི་ཡོད། མཚོ་སྔོན་པོར་སྐྱེ་འཕེལ་བྱེད་པའི་ཆུ་བྱ་ཁམ་པ་དང་ཁྲུང་ཁྲུང་མགོ་ཁྲ་སོགས་ཀྱིས་གོ་ལ་ཧྲིལ་པོའི་སྐྱེ་འཕེལ་བསྡོམས་འབོར་གྱི་60%བཟུང་གི་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་རིགས་40ཡི་བྱ་ཁྲི་2ལྷག་ཙམ་མཚོ་སྔོན་པོར་སླེབས་ཡོད་པ་རེད།
         དེ་སྔ་ལོ་ལྟར་མཚོ་སྔོན་པོའི་འདབ་ཆགས་གླིང་དང་བྱེ་མ་ལ་བདུན་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་དུ་ཡོང་མཁན་རྒྱུན་ཆད་རྒྱུ་མེད། ཉེ་བའི་ལོ་ཤས་རིང་རང་རྒྱལ་གྱི་ཁོར་ཡུག་ཁྲིམས་འཛིན་ལྟ་སྡོམ་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་དང་སྤྱི་ཚོགས་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་རིམ་བཞིན་ཟབ་ཏུ་ཕྱིན་པ་དང་སྦྲགས་མཚོ་སྔོན་པོའི་མཛེས་ལྗོངས་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུས་ཀྱིས་ཡུལ་སྐོར་གྱི་བྱེད་སྒོས་མཚོ་སྔོན་པོའི་སྣོད་བཅུད་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་ཤུགས་ཆུང་དུ་དང་མཚོ་སྔོན་པོའི་སྣོད་བཅུད་ཁོར་ཡུག་དང་རང་བྱུང་ཐོན་ཁུངས་ལ་སྲུང་སྐྱོང་བྱ་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས་》དང་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྲོལ་ཡིག་》སོགས་ཀྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་གཞིགས་ནས་2017ལོའི་ཟླ་8ཚེས་29ཉིན་ནས་བཟུང་མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་གནས་པའི་འདབ་ཆགས་གླིང་དང་བྱེ་མ་ལ་བདུན་མཛེས་ལྗོངས་ཁུལ་སྒོ་བརྒྱབ་ནས་ཡུལ་སྐོར་གཉེར་སྐྱོང་བྱེད་སྒོ་མཐའ་དག་ལས་མཚམས་བཞག་པ་རེད།
         ལས་སྒོ་གཉེར་མཚམས་བཞག་རྗེས་འདབ་ཆགས་གླིང་དུ་ཚན་རྩལ་ཁྱབ་གདལ་གྱི་སློབ་གསོའི་ནུས་པ་ཆེན་པོ་ཐོན་རྒྱུ་རེད། འདི་ལོའི་ཟླ་ལྔ་པར་འདབ་ཆགས་གླིང་དུ་སྣོད་བཅུད་ཚན་རྩལ་ཁྱབ་གདལ་གྱི་མྱོང་རོལ་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་སྟེ། རང་བྱུང་ཚན་རྩལ་ཁྱབ་གདལ་གྱི་འཆད་ཁྲིད་དང་། སློབ་གྲྭ་འབྲིང་ཆུང་གི་སློབ་མ་གདན་དྲངས་ཏེ་འདབ་ཆགས་ལ་ལྟ་སྟངས་དང་འདབ་ཆགས་རིགས་ཀྱི་ཁྱད་ཆོས་དབྱེ་སྟངས་སོགས་ཚུད་ཡོད། གཞན་ཡང་མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་དང་ཀྲུང་གོ་ཚན་རིག་ཁང་མཚོ་སྔོན་པོའི་ཚན་ཞིབ་རྟེན་གཞི་དང་དེ་བཞིན་གནས་དེ་གའི་སྨྱན་སྦྱོར་དང་དྲ་རྒྱའི་ལས་སྟེགས་བཅས་དང་མཉམ་འབྲེལ་ཐོག་འདབ་ཆགས་གླིང་གི་བརྙན་ལམ་ཐད་གཏོང་བྱེད་སྒོ་རྒྱུན་མཐུད་ངང་སྤེལ་ནས་ཚང་མས་འདབ་ཆགས་ལྟ་འདོད་ཀྱི་བློ་བསྐངས་ཡོད།
         2017ལོར་མཚོ་སྔོན་པོས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་320ཙམ་ལ་སྣེ་ལེན་ཞུས་ཡོད། མིག་སྔར་ཡུལ་སྐོར་བས་མཚོ་སྔོན་པོའི་ནུ་ལྕེ་མཛེས་ལྗོངས་ཁུལ་དང་ལྷ་མོའི་གླིང་ཕྲན་མཛེས་ལྗོངས་ཁུལ་དུ་མཛེས་ཞིང་ལྟ་ན་སྡུག་པའི་མཛེས་ལྗོངས་མུ་མཐུད་ཉམས་སུ་མྱོང་ཆོག 
      
    2018-05-16

    ཕྱོགས་བསྡུས་གསར་འགྱུར།