འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ཞིང་ཆེན་མཚོ་བྱང་ཀྲོའུ་ཡིས“ཤ་ཚལ་སྒོང་གསུམ”འདུ་འགོད་ཀྱི་སྤུས་འབོར་
    མཐོར་གཏོང་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་16ཉིན། 09:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཉེ་བའི་ལོ་གཉིས་རིང་། མཚོ་སྔོན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་ཡི“ཤ་ཚལ་སྒོང་གསུམ”འདུ་འགོད་འཛུགས་སྐྱོང་བྱེད་ཤུགས་དང་། ཐོན་སྐྱེད་འཇོན་ཐང། འགན་ལེན་འཇོན་ཐང་བཅས་བརྟན་པོའི་ངང་ཆེ་རུ་ཕྱིན་ཏེ་དུས་ཚིགས་ལྡོག་དུས་སུ་ཕྱི་ཕྱོགས་ནས་དབོར་བའི་སྔོ་ཚལ་ལ་བརྟེན་ནས་ཡུལ་དེ་གའི་དགོས་མཁོ་སྐོང་དགོས་པའི་གནས་ཚུལ་ལེགས་སུ་ཕྱིན་པ་དང་། ད་ཆ་ཡུལ་དེ་གའི་དགུན་དུས་ཀྱི་སྔོ་ཚལ་ཡང་ཁྲོམ་རར་བཏོན་ཏེ་ཀྲོའུ་ཡོངས་ཀྱི་དཔལ་འབྱོར་བརྟན་པོའི་ངང་འཕར་བ་དང་། ཟོག་གོང་ཚོད་འཛིན། དམངས་འཚོར་ཕན་འདོགས་པ་བཅས་ལ་ལེགས་སྐྱེས་ཕུལ་ཡོད།
         ཉེ་བའི་ལོ་གཉིས་རིང་། ཀྲོའུ་ཡོངས་ཀྱི་ཡིད་རྟོན་དངུལ་བུན་དང་ནོར་སྲིད་མ་དངུལ་གྱིས“ཤ་ཚལ་སྒོང་གསུམ”འདུ་འགོད་འཛུགས་སྐྱོང་ལ་རྒྱབ་སྐྱོར་བྱེད་ཚད་སྒོར་དུང་ཕྱུར་2.10ཟིན་ཞིང་། གཙོ་བོ་ནུས་རྒྱུ་གྲོན་ཆུང་གི་ཉི་འོད་དྲོད་ཁང་དང་། ཡུག་སྦྲེལ་དྲོད་ཁང་། ཕྱུགས་རིགས་ཀྱི་དྲོད་ཚང་བཅས་འཛུགས་སྐྲུན་དང་། མུའུ་ཁྲི་ཟིན་པའི་སྔོ་ཚལ་རྟེན་གཞི་འཛུགས་སྐྲུན། གཞི་ཁྱོན་ཆེ་བའི་ཁྱད་ལྡན་གསོ་ཚགས་ཁུལ་ཆུང་འཛུགས་སྐྲུན། འཁྱགས་ཆུའི་ཉ་གསོ་ཚགས། གཉེར་སྐྱོང་བྱེད་པོ་གསར་པ་སྐྱེད་སྲིང་། ཞིང་ཞོར་ཐོན་རྫས་སྡེབ་ཚོང་ཁྲོམ་ར་དང་། གཞུང་བཅད་རིན་གོང་གི་འབྲུ་སྣུམ་ཚོང་ཁང་འཛུགས་པ། ཞིང་འབྲོག་ཐོན་རྫས་སྤུས་ལེགས་དྲིལ་བསྒྲགས་འོས་སྦྱོར། སྤུས་རྟགས་སྐྱེད་སྲིང་སོགས་ལ་སྤྱད་པ་རེད། ཀྲོའུ་ཡོངས་སུ་ནུས་རྒྱུ་གྲོན་ཆུང་གི་ཉི་འོད་དྲོད་ཁང་740བསྐྲུན་པར་སྔོ་ཚལ་འདེབས་འཛུགས་ཁྱོན་སྤྱི་ཆིང་660ཟིན་ནས་ལོ་རེར་ཆ་སྙོམས་ཐོན་འབབ་ཏུན་ཁྲི་ཙམ་ཟིན་པ་དང་། ཞིང་ཆེན་རིམ་པས་ཁས་ལེན་བྱས་པའི་གཞི་ཁྱོན་ཆེ་བའི་གསོ་ཚགས་ར་བ་90ནས་ཕྱུགས་རིགས་སྣ་ཚོགས་བཤས་གཏོང་ཚད་མགོ་གྲངས་ཁྲི་178.23ཟིན་པའི་ནང་། ལོ་རེར་བ་གླང་བཤས་གཏོང་ཚད་མགོ་གྲངས་300དང་བོད་ལུག་བཤས་གཏོང་ཚད་མགོ་གྲངས་5000ཡན་ཟིན་པའི་གཞི་ཁྱོན་ཆེ་བའི་གསོ་ཚགས་ར་བ་23ཡོད། ཤ་དང་། སྒོ་ང་། འོ་མ། སྔོ་ཚལ་སོགས་ཀྱི་ཐོན་འབབ་སོ་སོར་ཏུན་ཁྲི་5.18དང་། ཏུན་ཁྲི་0.06 ཏུན་ཁྲི་3.32 ཏུན་ཁྲི་1ཟིན་པ་རེད།
         “ཐོན་རྫས་གསུམ་དང་མཚོན་རྟགས་གཅིག”གཙོ་བོར་བྱས་པའི་སྤུས་རྟགས་སྐྱེད་སྲིང་ལ་ཤུགས་སྣོན་བརྒྱབ་ཅིང་། མཚོ་བྱང་ཀྲོའུ་ཡིས་སྤུས་ལེགས་དང་། ལྗང་མདོག སྐྱེ་ལྡན་བཅས་ཀྱི་ཞིང་འབྲོག་ཐོན་རྫས་ཁྲོམ་རར་བཏོན་ཏེ་གསོལ་ལྕོག་ཐོག་བཤམས་པ་དང་། ཞིང་ཞོར་ཐོན་རྫས་ཚད་ལྡན་ཅན་གྱི་ཐོན་སྐྱེད་དཔེ་སྟོན་རྟེན་གཞི་2བསྐྲུན་པར་ལྗང་མདོག་བཟའ་བཅའི་མཚོན་རྟགས་6དང་། སྐྱེ་ལྡན་བཟའ་བཅའི་མཚོན་རྟགས་2 ཞིང་ཞོར་ཐོན་རྫས་ཀྱི་ས་ཁམས་མཚོན་རྟགས་ཐོ་བཀོད་ལག་ཁྱེར་7བཅས་ཡོད་ཅིང་། མདོ་ལ་རྫོང་ལ་ཞིང་ལས་པུས་རྒྱལ་ཡོངས་ཀྱི་སྐྱེ་ལྡན་ཞིང་ལས་དཔེ་སྟོན་རྟེན་གཞིའི་མཚན་སྙན་སྤྲད་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།