འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས“རྒན་རྒོན་གྱི་དྲོ་ཁྱིམ”བསྐྲུན་ནས་མི་ཧྲེང་རྒན་རྒོན་ཚེ་མཇུག་སྐྱིད་པོ་
    ཡོང་བར་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་16ཉིན། 09:54】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉིན་གུང་ཡོལ་རྗེས་ལོ་68ལ་སོན་པའི་བོད་རིགས་རྒན་མོ་ཉི་ཉི་དང་ཁོང་གི་བཟའ་ཟླ་དངོས་གྲུབ་ཀྱིས་བོད་ལྗོངས་གཞུང་ཕྱོགས་ཀྱིས་བསྐྲུན་པའི“རྒན་རྒོན་གྱི་དྲོ་ཁྱིམ”སྒོ་རའི་ནང་མ་ཎི་སྐོར་བ་དང་འཕྲེང་བ་སྒྲེང་བཞིན་དབྱར་འགོའི་མཛེས་ལྗོངས་ཉམས་སུ་མྱོང་བཞིན་འདུག མི་རིང་བའི་སར་རྒན་རྒོན་ཚོ་གཉིས་རེ་གསུམ་རེ་བྱས་ཏེ་ངར་ཤུགས་དང་བཅས་ཤོ་རྒྱག་གིན་འདུག
         “རྒན་རྒོན་གྱི་དྲོ་ཁྱིམ”ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་རྒྱ་ཚྭ་རྫོང་གི་འགན་ལེན་ལྔའི་གཅིག་སྡུད་བསྙེན་བཀུར་ལྟེ་གནས་ཡིན་པ་དང་། འགན་ལེན་ལྔའི་བསྙེན་བཀུར་ལམ་ལུགས་ནི་ཀྲུང་གོས་ལག་བསྟར་བྱས་པའི་སྤྱི་ཚོགས་ཀྱི་འགན་ལེན་ལམ་ལུགས་ཤིག་ཡིན་ཞིང་། ཆ་རྐྱེན་ཚང་བའི་བསྙེན་བཀུར་བྱ་ཡུལ་ལ་བཟའ་བཅས་དང་གྱོན་གོས། སྡོད་གནས། སྨན་བཅོས། དུར་སྐྱེལ་བཅས་འཚོ་བའི་འགན་ལེན་བྱེད་ཐབས་ཁག་ལྔ་འགན་ལེན་བྱེད་ཀྱི་ཡོད། བསྙེན་བཀུར་ལྟེ་གནས་དེས་འགན་ལེན་ལྔའི་དུད་ཚང་གི་རྒན་རྒོན་125ལ་འགྲོ་འདུག་སྐྱོད་གསུམ་དང་སྨན་བཅོས། རོལ་རྩེད་སོགས་ཀྱི་ཞབས་འདེགས་ཞུ་གི་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན། 2013ལོ་ནས་བཟུང་གྲོང་གསེབ་ཀྱི་འགན་ལེན་ལྔའི་རྒན་རྒོན་ལ་རྫོང་རིམ་པ་ཡན་གྱི་གཅིག་སྡུད་བསྙེན་བཀུར་བྱས་ཏེ་རྒན་རྒོན་ཁྲི་ཡན་ལ་གཅིག་སྡུད་བསྙེན་བཀུར་བྱེད་ཀྱི་ཡོད་པས། ཀྲུང་གོའི་སྔ་སྣུར་དུ་འགན་ལེན་ལྔའི་རྒན་རྒོན་ཚང་མ་གཅིག་སྡུད་བསྙེན་བཀུར་བྱུང་ཡོད་པ་རེད། ཀྲུང་གོ་རྒྱལ་ཁབ་བསྡོམས་རྩིས་ཅུས་དྲ་ཚུགས་ཀྱི་གྲངས་གཞི་གསར་ཤོས་ལས་མངོན་གསལ། ཀྲུང་གོའི་གྲོང་གསེབ་ཏུ་གཅིག་སྡུད་བསྙེན་བཀུར་བྱེད་བཞིན་པའི་འགན་ལེན་ལྔའི་མི་གྲངས་ཁྲི་140ཟིན་ཡོད་པ་རེད།
         བསྙེན་བཀུར་ལྟེ་གནས་དེས་རྒན་རྒོན་ཚོར་རྒས་དུས་ལས་རྒྱུ་ཡོད་པར་བྱས་ཤིང་། དངོས་གྲུབ་ཀྱིས་ཚེ་གང་ཞིང་ལས་བྱས་ནས་བསྡད་པ་དང་བསྙེན་བཀུར་ལྟེ་གནས་སུ་སྤོས་རྗེས་རང་ཉིད་ལས་ཀ་མེད་པར་སྡོད་མི་ཚུགས་པར་རང་འགུལ་ངང་སྔོ་ཚལ་འདེབས་པ་སོགས་ཀྱི་ལས་ཀའི་འགན་འཁུར་གྱི་ཡོད། དགུན་ཁ་ཤར་རིམ་བཞིན་བསྙེན་བཀུར་ལྟེ་གནས་སུ་དངོས་གྲུབ་ཀྱིས་བཏབ་པའི་ལ་ཕུག་དང་པད་ཚལ་སོགས་སྔོ་ཚལ་ཟ་རྒྱུ་ཡོད་པ་རེད།
         ལོ་63ལ་སོན་པའི་བཀྲ་དབྱང་གིས་དེ་སྔ་གྲོང་གསེབ་ཏུ་ཕག་པ་གསོ་གི་ཡོད་པས་བསྙེན་བཀུར་ལྟེ་གནས་སུ་སྤོས་རྗེས་ཁོང་གིས་སྔར་རྒྱུན་བཞིན་ཕག་པ་10གསོས་ནས་བསྙེན་བཀུར་ལྟེ་གནས་ཀྱི་ཕག་ཤ་མཁོ་འདོན་བྱེད་པ་མ་ཟད་ཕྱི་ཕྱོགས་སུ་འཚོང་གིན་ཡོད་པས“ཁང་དེས་གཉེར་བའི་དཔལ་འབྱོར”གྱི་ཐོན་རྫས་གཙོ་བོར་གྱུར་ཡོད།
         བསྙེན་བཀུར་ལྟེ་གནས་ཀྱིས་རྒན་རྒོན་ཚོར་རྒས་དུས་སྨན་བཅོས་ཐུབ་པར་བྱས་ཤིང་། ལྟེ་གནས་དེའི་འགན་ཁུར་བས“རྒན་རྒོན་ཚོས་ནད་གཞི་ལྟ་བདེ་པོ་མེད་སྟབས་ང་ཚོས་སྨན་པ་འདི་གར་གདན་འདྲེན་གྱི་ཡོད། སྐྱ་གྲིབ་ནི་བོད་དུ་རྒྱུན་དུ་ཐོན་པའི་རྒན་རྒོན་གྱི་ནད་ཡིན་པས་རྒྱ་ཚྭ་རྫོང་དམངས་སྲིད་ཅུས་ཀྱིས་ལྷོ་ཁ་གྲོང་ཁྱེར་གྱི་སྨན་པ་དང་མཐུན་སྦྱོར་བྱས་ཏེ་འགན་ལེན་ལྔའི་རྒན་རྒོན་ཚོར་སྐྱ་གྲིབ་བརྟག་དཔྱད་དང་གཤགས་བཅོས་སོགས་བྱེད་ཀྱི་ཡོད”ཅེས་ངོ་སྤྲོད་བྱས།
         ངོ་སྤྲོད་བྱས་པར་གཞིགས་ན། བསྙེན་བཀུར་ལྟེ་གནས་དེར་སྨན་དོན་ཁང་བཙུགས་ནས་ཆེད་ལས་སྨན་པ་གཉིས་རྟག་ཏུ་སྡོད་ཀྱི་ཡོད། ལྟེ་གནས་དེར་ད་དུང་རིག་གནས་བྱེད་སྒོ་ཁང་དང་དཔེ་དེབ་ཁང་སོགས་སྒྲིག་ཆས་སྣ་ཚོགས་ཡོད་པས། རྒན་རྒོན་ཚོས་སློབ་སྦྱོང་བྱེད་པ་དང་རོལ་རྩེད་རྩེ་རྒྱུར་སྟབས་བདེ་བསྐྲུན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།