འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་དུ་རྫོང་རིམ་པའི་རྒྱང་ཁྲིད་སྨན་བཅོས་ཁྱོན་ཡོངས་ལ་ཁྱབ་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་16ཉིན། 09:52】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གྱིས་2015ལོ་ནས་བཟུང་སྨན་བཅོས་ཀྱི་མཉམ་འབྲེལ་སྒྲིག་སྲོལ་ལྡན་པའི་སྨན་ཁང་ཧུར་ཐག་བཏོད་ཅིང་། ཞིང་ཆེན་རིམ་པའི་སྨན་ཁང་གིས་སྣེ་ཁྲིད་པ་དང་རྣམ་པ་མང་བའི་སྨན་བཅོས་འབྲེལ་ཚོགས་བཙུགས་ཏེ། ད་ཆ་གྲོང་ཁྱེར(ཁུལ)དང་རྫོང་རིམ་པའི་རྒྱང་ཁྲིད་སྨན་བཅོས་ཁྱོན་ཡོངས་ལ་ཁྱབ་ནས་ནད་པས་སྨན་པ་བསྟེན་སྐབས་གཞི་རིམ་དུ་ཕྱོགས་པའི་རྣམ་པ་མངོན་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་མཚོ་སྔོན་གྱིས་ཁྱོན་བསྡོམས་སྨན་བཅོས་འབྲེལ་ཚོགས་89བཙུགས་པའི་ཁྲོད་ཞིང་ཆེན་རིམ་པའི་སྨན་ཁང་གིས་སྣེ་ཁྲིད་དེ་བཙུགས་པའི་སྨན་བཅོས་འབྲེལ་ཚོགས་17དང་། རིམ་གསུམ་སྨན་ཁང་ཚང་མ་སྨན་བཅོས་འབྲེལ་ཚོགས་འཛུགས་སྐྱོང་ལ་ཞུགས་ཡོད། སྒྱུར་བཅོས་ཀྱི་ཕན་འབྲས་འགན་ལེན་བྱེད་ཆེད། མཚོ་སྔོན་གྱིས་ད་དུང་ཞིང་ཆེན་གྱི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ཏེ་ཀྲུང་ལུགས་གསོ་རིག་གི་སྨན་བཅོས་འབྲེལ་ཚོགས་བཙུགས་པ་དང་། ཞིང་ཆེན་རིམ་པའི་ཁུལ་ཁོངས་སྨན་བཅོས་འབྲེལ་ཚོགས་ཀྱི་གསོ་རིག་བརྟག་བཤེར་དང་། བརྙན་ཕབ། སྐྲན་ནད། ན་ལུགས་ན་རྐྱེན། སྙིང་པར་དྲ་རྒྱ་བཅས་སྨན་བཅོས་ལྟེ་གནས་5དང་ཆེད་ཚན་མནའ་འབྲེལ་2བཙུགས་ནས་གཙོ་གནད་གཞི་རིམ་གསོ་རིག་གི་བརྟག་བཤེར་ཐད་དུ་ཤེས་ལྡན་པའི་སྟོབས་ཤུགས་ཉམས་ཞན་གྱི་འཇུར་མིག་བསལ་ཡོད་པ་རེད།
         གཞི་རིམ་སྟོབས་ཆེར་གཏོང་རྒྱུ་ནི་སྨན་བཅོས་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་་གཏོང་བའི་གལ་ཆེའི་ནང་གི་འགངས་ཆེ་ཡིན་ཞིང་། སྨན་བཅོས་འབྲེལ་ཚོགས་འཛུགས་སྐྱོང་བྱེད་རིང་མཚོ་སྔོན་གྱིས་གཙོ་གནད་རྫོང་རིམ་པའི་སྨན་ཁང་གིས་སྣེ་ཁྲིད་པ་དང་། ཤང་དང་གྲོང་རྡལ་འཕྲོད་བསྟེན་ཁང་གིས་ལྟེ་བར་བྱེད་པ། གྲོང་ཚོའི་འཕྲོད་བསྟེན་ཁང་གིས་རྨང་གཞིར་བྱེད་པ་བཅས་ཀྱི་རྫོང་དང་ཤང་གི་གཞི་གཅིག་ཅན་གྱི་དོ་དམ་བྱེད་སྟངས་འཚོལ་ཞིབ་བྱས་པ་དང་། དེ་ཉིད་གྲོང་གསེབ་ཀྱི་གཞི་གཅིག་ཅན་གྱི་དོ་དམ་དང་འབྲེལ་མཐུད་ནུས་ལྡན་བྱས་ནས་རིམ་གསུམ་མཉམ་འགུལ་གྱི་རྫོང་ཁོངས་སྨན་བཅོས་ཞབས་ཞུའི་སྒྲིག་གཞི་བཙུགས་ཡོད། བཙུགས་ཟིན་པའི་རྫོང་ཁོངས་ཀྱི་སྨན་བཅོས་འབྲེལ་ཚོགས་56དག་རྫོང་རིམ་པའི་སྨན་ཁང་74དང་། མ་བུ་བདེ་སྲུང་དང་འཆར་བཙའི་སྒྲིག་གཞི་50གཞི་རིམ་གྱི་སྨན་བཅོས་སྒྲིག་གཞི་339བཅས་ལ་ཁྱབ་པ་དང་། གཞུང་བཙུགས་སྨན་ཁང་གིས་ཆ་འཕྲིན་ཅན་གྱི་བྱེད་ཐབས་སྤྱད་ནས་གཞི་རིམ་ལ་རྒྱང་ཁྲིད་སྨན་བཅོས་དང་སློབ་ཁྲིད་སོགས་ཀྱི་ཞབས་ཞུ་སྒྲུབ་པ་དང་། རྒྱང་ཁྲིད་སྨན་བཅོས་ལ་བརྟེན་ནས་ནད་དཔེ་1736བརྟག་དཔྱད་དང་རྒྱང་ཁྲིད་བརྙན་ཕབ་ལ་བརྟེན་ནས་ནད་གཞི་4388སྨན་བཅོས་བྱས་པས། གཞི་རིམ་མང་ཚོགས་ཀྱིས་སྨན་པ་བསྟེན་ཐུབ་པ་དང་ཕན་ནུས་ཐོན་ཚད་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཏེ་གཞི་རིམ་ནས་གོང་རིམ་སྨན་ཁང་དུ་བཏང་བའི་ནད་པ་རིམ་བཞིན་ཉུང་དུ་འགྲོ་བཞིན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།