འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་བྷེ་བཟོ་ལས་གླིང་ལ་ཞུགས་མཁན་ཁེ་ལས་རྒྱུན་ཆད་མེད་པར་མང་དུ་ཕྱིན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་18ཉིན། 10:46】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། ཀྲུང་གོ་དང་བྷེ་ཨུ་རུ་སུའི་བཟོ་ལས་གླིང་ནང་ཞུགས་མཁན་ཁེ་ལས་རྒྱུན་ཆད་མེད་པར་མང་དུ་ཕྱིན་པ་དང་ད་དུང་ཁེ་ལས་གཉིས་ཉིན་ཤས་གོང་དངོས་སུ་གླིང་ཁུལ་ནང་ཞུགས་པས་ད་བར་བཟོ་ལས་གླིང་གི་ཁེ་ལས་ཀྱི་གྲངས་འབོར་33བར་མང་དུ་ཕྱིན་ཡོད་པ་རེད།
         བྷེ་ཨུ་རུ་སུའི་ཙུང་ལི་ཁོ་པི་ཡ་ཁེ་ཧྥུའུ་ཡིས་ཉིན་ཤས་གོང་ཀྲུང་གོ་དང་བྷེ་ཨུ་རུ་སུའི་བཟོ་ལས་གླིང་ལ་གཟིགས་ཞིབ་གནང་ཞིང་། ཁོང་གི་དཔང་པོའི་འོག་དབྱི་སི་རལ་ཀུང་སི་དང་ཀྲུང་གོ་དང་བྷེ་ཨུ་རུ་སུས་མ་དངུལ་མཉམ་བསྡུ་བྱས་པའི་མཁའ་འགྲུལ་ལག་རྩལ་དང་མ་ལག་ཆ་ཚང་གི་མ་རྐང་ཚད་ཡོད་ཀུང་སིས་ཀྲུང་གོ་དང་བྷེ་ཨུ་རུ་སུའི་བཟོ་ལས་གླིང་གི་དོ་དམ་ཨུ་ལྷན་དང་གླིང་ཁུལ་ནང་ཞུགས་རྒྱུའི་གྲོས་མཐུན་ལ་མིང་རྟགས་བཀོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། དབྱི་སི་རལ་ཀུང་སིས་བཟོ་ལས་གླིང་གི་ཉི་འོད་ནུས་པའི་གློག་གསོག་ལེབ་མོ་ཐོན་སྐྱེད་བྱས་ནས་ཐོན་རྫས་དེ་དག་ཚང་མ་སུའེ་ཏེན་དང་དེ་བཞིན་ཡོ་རོབ་རྒྱལ་ཁབ་གཞན་དག་ལ་ཕྱིར་གཏོང་བྱ་རྒྱུ་ཡིན་པ་དང་། ཀྲུང་གོ་མཁའ་འགྲུལ་རྒྱལ་སྤྱི་མཁའ་འགྲུལ་འཕེལ་རྒྱས་ཚད་ཡོད་ཀུང་སི་དང་བྷེ་ཨུ་རུ་སུའི་རྒྱལ་ཁབ་ཚན་རིག་ཁང་གིས་བཙུགས་པའི་མཁའ་འགྲུལ་ལག་རྩལ་དང་མ་ལག་ཆ་ཚང་གི་མ་རྐང་ཚད་ཡོད་ཀུང་སིས་བཟོ་ལས་གླིང་དུ་མི་མེད་གནམ་གྲུ་ཞིབ་འཇུག་གསར་སྤེལ་དང་ཐོན་སྐྱེད་བྱ་རྒྱུ་རེད།
         ཀྲུང་གོ་དང་བྷེ་ཨུ་རུ་སུའི་བཟོ་ལས་གླིང་གསར་སྤེལ་མ་རྐང་ཀུང་སིའི་དབུ་བཞུགས་ལག་བསྟར་དཔོན་ཧུའུ་ཀྲེང་གིས། མི་མེད་གནམ་གྲུའི་རྣམ་གྲངས་ནི་ཀྲུང་གོ་དང་བྷེ་ཨུ་རུ་སུ་རྒྱལ་ཁབ་གཉིས་ཀྱི་ཚན་རྩལ་མཐོ་བའི་མཉམ་ལས་རྣམ་གྲངས་ཤིག་ཡིན་པ་དེར་ཁྲོམ་རའི་མདུན་ལམ་དང་ཚོང་ལས་ཀྱི་རིན་ཐང་ཡག་པོ་ལྡན་ཡོད། ཁོང་གིས་རྣམ་གྲངས་དེ་བཟོ་ལས་གླིང་གི་མཚོན་རྟགས་རང་བཞིན་ལྡན་པའི་གཙོ་གནད་རྣམ་གྲངས་ལ་གྱུར་རྒྱུའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།
         ཀྲུང་གོ་དང་བྷེ་ཨུ་རུ་སུའི་བཟོ་ལས་གླིང་དེ་མེན་སི་ཁེ་གནམ་ཐང་གི་ཉེ་འགྲམ་དུ་བསྐྲུན་ཡོད། དེ་ནི་བྷེ་ཨུ་རུ་སུའི་ཚོང་འགུགས་མ་འདྲེན་གྱི་རྣམ་གྲངས་ཆེ་ཤོས་ཡིན་ལ་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་རྣམ་གྲངས་གལ་ཆེན་ཞིག་ཀྱང་ཡིན་པ་དེར“རྒྱུད་གཅིག་ལམ་གཅིག”རྒྱུད་ཀྱི་མུ་ཏིག་རྣམ་གྲངས་ཞིག་རེད་ཅེས་བསྔགས་བརྗོད་བྱེད་ཀྱི་ཡོད། 2015ལོའི་ལོ་སྨད་ནས་ངོ་བོའི་རང་བཞིན་གྱི་གསར་སྤེལ་བྱས་ཚུན་བཟོ་ལས་གླིང་གི་ཞིབ་འཇུག་གསར་སྤེལ་དང་འཛུགས་སྐྲུན་ཡང་ལོ་གཉིས་ལྷག་ཙམ་རིང་སྐུལ་འདེད་མགྱོགས་པོ་བྱུང་བ་དང་བཟོ་ལས་གླིང་གི་མ་འཇོག་གི་ཡིད་དབང་འགུག་ནུས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཏེ་ཀྲུང་གོ་དང་། བྷེ་ཨུ་རུ་སུ། ཨུ་རུ་སུ། ཨ་རི། འཇར་མན། ཨོ་སི་ཁྲུ་རི་ཡ། ལི་ཐུ་ཝན། དབྱི་སི་རལ་སོགས་རྒྱལ་ཁབ་དེའི་ནང་ཞུགས་རྒྱུའི་ཡིད་དབང་བཀུག་ནས་རྒྱལ་སྤྱིའི་མཉམ་ལས་ལས་སྟེགས་སུ་རིམ་བཞིན་འཕེལ་རྒྱས་བྱུང་ཡོད་པ་རེད། 
     
      

    ཕྱོགས་བསྡུས་གསར་འགྱུར།