འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་རིའི་མྱུར་སྐྱེལ་ཀུང་སིས་ཨ་རི་སྲིད་གཞུང་ལ་ཨ་རི་དང་ཀྲུང་གོའི་དབར་གྱི་འབྲེལ་བར་གནོད་འཚེ་
    མི་གཏོང་བའི་སྐུལ་འདེབས་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་30ཉིན། 11:20】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཨ་རིའི་མ་ལམ་གསར་པའི་མྱུར་སྐྱེལ་ཀུང་སིས་ཉེ་ཆར་ཉིའུ་གཡོད་དུ་འཚོགས་པའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་ཨ་ཀྲུང་རྒྱལ་ཁབ་གཉིས་པོའི་རྒྱུན་གཏན་ཚོང་དོན་སྒྲིག་ལམ་གྱི་གལ་ཆེའི་རང་བཞིན་སྲུང་སྐྱོང་ཡག་པོ་བྱེད་དགོས་པའི་ནན་བཤད་བྱས་པ་དང་སྦྲགས་ཨ་རི་སྲིད་གཞུང་གིས་སྤྱི་ཡོངས་ལ་བསམ་གཞིག་གིས་རྒྱལ་ཁབ་གཉིས་པོའི་འབྲེལ་བར་གནོད་འཚེ་མི་གཏོང་བའི་སྐུལ་འདེབས་བྱས་པ་རེད།
         མ་ལམ་གསར་པའི་མྱུར་སྐྱེལ་ཀུང་སིའི་སྤྱི་ཁྱབ་ཡེ་ཅན་དབྱིང་གིས་ངོ་སྤྲོད་བྱས་དོན། ཀུང་སི་བཙུགས་པ་ནས་བཟུང་འཛད་སྤྱོད་པས་ཨ་རི་ནས་ཉོས་པའི་ཚོང་ཟོག་ཀྲུང་གོར་མྱུར་སྐྱེལ་གྱི་ལས་སྒོ་ཁོ་ན་གཉེར་གྱི་ཡོད། ཉེ་བའི་ལོ་ཤས་རིང་། ཀུང་སིའི་ལས་སྒོའི་གྲངས་འབོར་རྒྱུན་མཐུད་ངང་མང་དུ་འགྲོ་བཞིན་ཡོད། 2016ལོར་ཨ་རི་ནས་ཀྲུང་གོར་སྐྱེལ་བའི་ཐུམ་སྒྲིལ་བསྐུར་མ་གྲངས་འབོར་2015ལོ་ལས་37%འཕར་བ་དང་། 2017ལོར་143%བར་ཆེས་ཆེར་འཕར་ཡོད་པ་རེད།
         ཡེ་ཅན་དབྱིང་གིས་ཀུང་སིས་ཨ་རིའི་ཚོང་ཟོག་ལ་ཀྲུང་གོའི་ཁྲོམ་རའི་བར་མཐོངས་རྒྱ་ཆེར་གཏོང་བ་དང་། ཨ་རིའི་མི་དམངས་ལ་ལས་ཞུགས་མང་དུ་གཏོང་རོགས་བྱེད་པ། ཨ་རིའི་དཔལ་འབྱོར་དར་རྒྱས་ཡོང་བ་བཅས་ཀྱི་ཆེད་ལེགས་སྐྱེས་ཕུལ་ཡོད་མོད། འོན་ཀྱང་ཚོང་དོན་གྱི་ཁོར་ཡུག་ཞན་དུ་སོང་ཚེ་ཀྲུང་གོའི་འཛད་སྤྱོད་པར་གནོད་འཚེ་ཕོག་རྒྱུ་རེད་ལ་ཨ་རིའི་བཟོ་གྲྭ་དང་ཚོང་ཁང་ལ་ཤུགས་རྐྱེན་ངན་པ་ཚབས་ཆེན་ཐེབས་སྲིད་པ་མ་ཟད། ཐ་ན་བཟོ་པ་མང་པོ་ལས་ཀ་ཤོར་ཉེན་ཡོད། དེར་བརྟེན་ངེས་པར་དུ་ཚོང་དོན་གྱི་འགལ་རྐྱེན་མཐའ་གཅིག་ཏུ་བསལ་ནས་ཚོང་དོན་སྲུང་སྐྱོང་རིང་ལུགས་བཀག་འགོག་བྱེད་དགོས”ཞེས་བརྗོད་པ་རེད།
         རྒྱལ་སྤྱིའི་ཐོག་སྐད་གྲགས་ཡོད་པའི་མ་འཇོག་པ་ཅི་མུའུ·ལུའོ་ཅེ་སིས་གསར་འགོད་པའི་ཚོགས་འདུའི་དྲ་ཐོག་མཉམ་འགུལ་བྱེད་སྒོའི་ནང་ཞུགས་ཤིང་། ཁོང་གིས་མ་ལམ་གསར་པའི་བསྡོམས་རྩིས་གྲངས་གཞི་ལས་ཀྲུང་གོའི་འཛད་སྤྱོད་པས་རང་མོས་ཚོང་དོན་ལས་ཨ་རིའི་སྤུས་ལེགས་ཚོང་ཟོག་མང་པོ་ལོངས་སྤྱོད་ཐུབ་ཡོད། དེ་བས་གལ་འགངས་ཆེ་བ་ཞིག་ནི་ཨ་རིའི་དཔལ་འབྱོར་ལ་དེས་རྐྱེན་པས་ཕན་པ་མང་པོ་ཐོབ་པ་མཚོན་ཡོད་ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།