འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།《2017ལོའི་ཀྲུང་གོའི་སྤྱི་པའི་གནམ་གཤིས་ཞབས་ཞུའི་རྒྱབ་ཤ་དཀར་པོའི་དེབ་》
    བཀྲམ་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་26ཉིན། 11:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་24ཉིན་ཀྲུང་གོ་གནམ་གཤིས་ཅུས་ཀྱིས་《2017ལོའི་ཀྲུང་གོའི་སྤྱི་པའི་གནམ་གཤིས་ཞབས་ཞུའི་རྒྱབ་ཤ་དཀར་པོའི་དེབ་》(གཤམ་དུ་《རྒྱབ་ཤ་དཀར་པོའི་དེབ》ཅེས་བསྡུ་རྒྱུ)བཀྲམ་ཞིང་། 《རྒྱབ་ཤ་དཀར་པོའི་དེབ་》ནང་2017ལོར་རྒྱལ་ཡོངས་ཀྱི་གནམ་གཤིས་ལས་རིགས་ཀྱིས་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོར་དམིགས་ཏེ་རིག་ནུས་གནམ་གཤིས་འཕེལ་རྒྱས་ཤུགས་ཆེན་བཏང་བ་དང་། གནམ་གཤིས་ཞབས་ཞུའི་མཁོ་སྤྲོད་ལེགས་སུ་བཏང་བ། གནོད་འཚེ་སྔོན་འགོག་དང་། ཉུང་གཏོང་། གེགས་སེལ་བཅས་དང་། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན། དམག་དམངས་མཉམ་འདྲེས་སོགས་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ལ་ཞབས་འདེགས་དང་འགན་ལེན་ཧུར་ཐག་བྱས་ནས“ཞིང་གསུམ”ལ་ཞབས་འདེགས་ཞུ་བ་དང་། གྲོང་ཁྱེར་གྱི་བདེ་འཇགས་དང་། དབུལ་སྒྲོལ་འགག་སྒྲོལ། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་སོགས་འགན་ལེན་བྱེད་པའི་ཐད་ལེགས་སྐྱེས་གལ་ཆེན་ཕུལ་བས། རྒྱལ་ཡོངས་ཀྱི་སྤྱི་དམངས་ཀྱིས་གནམ་གཤིས་ཞབས་ཞུར་བློ་ཡིད་ཚིམས་ཚད་སྐར་མ་89.1ཟིན་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད་ཅེས་འཁོད་ཡོད་པ་རེད།
         《རྒྱབ་ཤ་དཀར་པོའི་དེབ་》ནང་། 2017ལོར་རང་རྒྱལ་དུ་དྲོད་ཚད་མཐོ་བའི་གནམ་གཤིས་བསྟན་པའི་ཉིན་གྲངས་ཀྱིས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ་དང་། དྲག་ཆར་དང་ཆུ་ལོག་དང་ཞོད་སྐྱོན་གྱི་གནོད་འཚེ་མངོན་གསལ་དོད་པ། དྲག་ཆར་ཡང་སེ་བབས་པ་དང་འབབ་ཤུགས་ཆེ་བ། རླུང་འཚུབ་དྲག་པོ་མང་པོ་བརྒྱབ་པ་དང་། གཅིག་སྡུད་ཆེ་བ། ཤུགས་རྐྱེན་ངན་པ་ཐོན་པས། རིམ་ཁག་གནམ་གཤིས་སྡེ་ཚན་གྱིས་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བ་དང་ཉེན་ཟོན་གྱི་ཞབས་ཞུར་ཤུགས་སྣོན་རྒྱག་པ་དང་། རིམ་ཁག་སྲིད་གཞུང་དང་སྡེ་ཚན་དང་འཕྲལ་སྡོམ་མཉམ་འགུལ་དམ་ཟབ་བྱས་ཏེ་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་གྱོང་གུན་ཆུང་དུ་གཏོང་གང་ཐུབ་བྱས་ཡོད། ས་ཁུལ་ཁག་གིས་གནམ་གཤིས་ཀྱི་གནོད་འཚེ་འགོག་བཅོས་དང་ཉུང་གཏོང་གི་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་མགྱོགས་མྱུར་བཏང་ཞིང་། རྒྱལ་ཡོངས་ཀྱི་རྫོང་2723གྱིས་གནམ་གཤིས་གནོད་འཚེའི་འཕྲལ་སྡོམ་གྲ་སྒྲིག་ལམ་ལུགས་དང་དོ་དམ་བྱ་ཐབས་བཏོན་པ་དང་། རྫོང་2712ཀྱིས་གནམ་གཤིས་གནོད་འཚེའི་འཕྲལ་སྡོམ་ཆེད་དོན་སྔོན་ཇུས་བཟོས་པ། གཙོ་གནད་ཚན་པའམ་གྲོང་ཚོ་ཁྲི་5.75ཡིས་གནམ་གཤིས་གནོད་འཚེའི་འཕྲལ་སྡོམ་གྲ་སྒྲིག་ཚོད་སྐོར་བཟོས་པ། ཤང་དང་གྲོང་རྡལ་གྱི་གནམ་གཤིས་ཆ་འཕྲིན་ཞབས་ཞུའི་ས་ཚིགས་ཁྲི་7.8ཟིན་པ། གནམ་གཤིས་ཆ་འཕྲིན་བ་གྲོང་ཚོར་ཁྱབ་ཚད་99.7%ཟིན་ཡོད། དེ་དང་ཆབས་ཅིག་རང་རྒྱལ་གྱིས་སྔོན་བརྡའི་ཆ་འཕྲིན་ཡོངས་བསྒྲགས་ལ་ཤུགས་སྣོན་བརྒྱབ་ཅིང་། རྒྱལ་ཁབ་ཀྱི་ཐོལ་བྱུང་དོན་རྐྱེན་གྱི་ཆ་འཕྲིན་སྔོན་བརྡ་གཏོང་བའི་ཡོངས་བསྒྲགས་མ་ལག་སྡེ་ཚན་16ལ་ཁྱབ་པ་དང་སྔོན་བརྡ་གཏོང་བའི་ཆ་འཕྲིན་སྣ་ཁ་76ཙམ་ཟིན་པ་དང་། གནམ་གཤིས་ཀྱི་གནོད་འཚེ་སྔོན་བརྡ་གཏོང་བའི་ཡོངས་བསྒྲགས་ཕན་འབྲས་དེ་སྔའི་སྐར་མ་10ནས་ད་ཆ་སྐར་མ་5ནས་8བར་ལས་འགོར་གྱི་མེད་པ། སྔོན་བརྡ་ཁྱབ་ཚད་85.8%ཟིན་པ་དེ་2016ལོ་ལས་0.8%ཡིས་མཐོ་རུ་ཕྱིན་ཡོད་ཅེས་འཁོད་ཡོད་པ་རེད།
         《རྒྱབ་ཤ་དཀར་པོའི་དེབ་》ནང་། 2017ལོར་གནམ་གཤིས་སྡེ་ཚན་གྱིས་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་བ་དང་གནམ་གཤིས་ཀྱིས་མཁོ་སྤྲོད་ཕྱོགས་ཀྱི་སྒྱུར་བཅོས་ལ་ཞབས་འདེགས་ཞུ་བར་ཤུགས་སྣོན་རྒྱག་པའི་ཐད་རྒྱུན་མཐུད་འབད་བརྩོན་བྱས་པས། རང་རྒྱལ་གྱི་གནམ་གཤིས་སྔོན་བརྡ་སྔར་བས་གནད་ལ་འཁེལ་ཞིང་ཞིབ་ཚགས་པ་དང་། ཐོན་རྫས་སྔར་བས་ཕུན་སུམ་ཚོགས་པ། བརྒྱུད་སྤེལ་ཐབས་ལམ་སྔར་བས་མང་བ། ཆ་འཕྲིན་ཤེས་རྟོགས་སྔར་བས་བྱེད་བདེ་བ་བཅས་སུ་གྱུར་ཡོད། དཔེར་ན། རྒྱལ་ཡོངས་ཀྱི་སྤྱི་ལེ་5ཡི་རིག་ནུས་དྲ་རྒྱའི་གནམ་གཤིས་སྔོན་བརྡའི“ཀུན་ཁྱབ་དྲ་རྒྱ”དང་གོ་ལ་ཧྲིལ་པོའི་གནམ་གཤིས་ཀྱི་གྲུབ་ཆ་གཙོ་བོ་སྔོན་བརྡ་གཏོང་བའི་སྤྱི་ལེ་10ཡི་དྲ་རྒྱ་བཙུགས་ནས་སྔོན་བརྡ་གཏོང་བའི་ཆ་འཕྲིན་བརྗེ་ཚད་ལོ་གཉིས་གོང་གི་ཆུ་ཚོད་3ནས་2017ལོའི་སྐར་མ་10བར་མགྱོགས་སུ་བཏང་ཡོད། སྤྱོད་མཁན་གྱི་གོམས་གཤིས་ལ་གཞིགས་ཏེ་གནམ་གཤིས་ཆ་འཕྲིན་འོས་སྦྱོར་བྱས་པ་མ་ཟད། གནོད་འཚེའི་གནམ་གཤིས་དུས་ཐོག་ཏུ་བརྡ་གཏོང་བ་དང་། བདེ་ཐང་སྐོར་གྱི་གནམ་གཤིས་ཞབས་ཞུ་སྒྲུབ་པ། གངས་ཤུད་ཀྱི་གནམ་གཤིས་ཞབས་ཞུ་སྒྲུབ་པ་སོགས་ཁྱད་ཆོས་ལྡན་པའི་ཞབས་ཞུ་བསྒྲུབས་སྟབས། གནམ་གཤིས་ཞབས་ཞུ་སྤྱི་དམངས་ཅན་དང་ཀུན་ཕན་རྣམ་པ་ནས་ལོགས་དབྱེ་ཅན་དང་དམིགས་བཀར་རྣམ་པར་འགྱུར་ལྡོག་བྱུང་ཡོད། དེ་དང་དུས་མཚུངས་མི་དམངས་མང་ཚོགས་ཀྱིས་གནམ་གཤིས་ཞབས་ཞུར་བློ་ཡིད་ཚིམས་པོ་བྱེད་ཚད་ཀྱང་མགྱོགས་མྱུར་ཆེ་རུ་ཕྱིན་ཞིང་། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་བརྟག་ཞིབ་བྱས་པ་ལས་མངོན་དོན། 2017ལོར་རྒྱལ་ཡོངས་སྤྱི་དམངས་ཀྱིས་གནམ་གཤིས་ཞབས་ཞུར་བློ་ཡིད་ཚིམས་ཚད་སྐར་མ་89.1ཟིན་ནས་ལོ་4བསྟུད་མར་མགྱོགས་མྱུར་འཕར་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད་ཅེས་འཁོད་ཡོད་པ་རེད།
         《རྒྱབ་ཤ་དཀར་པོའི་དེབ་》ནང་ད་དུང་2017ལོར་རང་རྒྱལ་གྱིས་སྣོད་བཅུད་སླར་གསོའི་རང་བཞིན་གྱི་མི་ཐབས་ལ་བརྟེན་ནས་གནམ་གཤིས་ལ་འགྱུར་ལྡོག་གཏོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ་རྒྱལ་ཡོངས་སུ་གནམ་གྲུ་ཐེངས་998བཏང་ནས་མི་ཐབས་ལ་བརྟེན་ནས་ཆར་པ་ཕབ་པ་དང་འཕུར་སྐྱོད་དུས་ཡུན་ཆུ་ཚོད་2834ཟིན་ཡོད། ས་ངོས་སུ་ཆར་པ་མང་དུ་གཏོང་བ་དང་སེར་བ་འགོག་པའི་ལས་དོན་ཐེངས་ཁྲི་4.37བསྒྲུབས་པ་དང་ཆར་པ་མང་དུ་གཏོང་བའི་དམིགས་སའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་491.3ཟིན་ཡོད་ཅེས་འཁོད་ཡོད་པ་རེད།
         འདི་ལོའི་ཟླ་3ཚེས་23ཉིན་གྱི་འཛམ་གླིང་གནམ་གཤིས་ཉིན་མོ་ཐེངས་ང་བརྒྱད་པའི་བརྗོད་དོན་གཙོ་བོ་ནི“རིག་ནུས་གནམ་གཤིས”ཞེས་པ་ཡིན་ཞིང་། དེའི་དམིགས་ཡུལ་ནི་གནམ་གཤིས་ཧ་ཅང་ངན་པ་དང་ཆུའི་དོན་རྐྱེན་སོགས་ཀྱི་ཤུགས་རྐྱེན་འགོག་སྲུང་དང་ཉུང་གཏོང་དང་། མིའི་རིགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་ཁྲོད་ཀྱི་རིག་ནུས་གནམ་གཤིས་ཀྱི་འགག་རྩའི་ནུས་པ་མངོན་པར་བྱ་རྒྱུ་དེ་ཡིན། འཛམ་གླིང་གནམ་གཤིས་ཉིན་མོར་དྲན་གསོ་ཞུ་ཆེད། ཀྲུང་གོ་གནམ་གཤིས་ཅུས་ཀྱིས་ཚེས་24ཉིན་སྤྱི་ཚོགས་ཀྱི་སྤྱི་དམངས་ལ་གླིང་ཁུལ་སྒོ་ཕྱེ་བ་མ་ཟད། སྒོ་ཕྱེ་བའི་བྱེད་སྒོ་སྤེལ་རིང་《2017ལོའི་ཀྲུང་གོའི་སྤྱི་པའི་གནམ་གཤིས་ཞབས་ཞུའི་རྒྱབ་ཤ་དཀར་པོའི་དེབ་》བཀྲམ་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།