འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་ཁྱད་ཆོས་ལྡན་པའི་རིག་གནས་ཐོན་ལས་ཀྱི་ས་གནས་ཚད་གཞི་ཕྱོགས་ཡོངས་ནས་
    འཛུགས་སྐྲུན་བྱེད་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་08ཉིན། 16:40】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་བོད་རང་སྐྱོང་ལྗོངས་རིག་གནས་ཐིང་དང་བོད་རང་སྐྱོང་ལྗོངས་སྤུས་ཚད་ལྟ་སྐུལ་ཅུས་ཀྱིས་ཚད་ལྡན་ཅན་གྱི་འཐབ་ཇུས་མཉམ་ལས་བརྗེད་ཐོར་མིང་རྟགས་བཀོད་པ་དང་། ཁྱད་ཆོས་ལྡན་པའི་རིག་གནས་ཐོན་ལས་ཀྱི་ས་གནས་ཚད་ལྡན་ཅན་འཛུགས་སྐྲུན་བྱེད་རྒྱུའི་ཐད་ངོས་འཛིན་གཅིག་མཐུན་བྱུང་ཞིང་། དེའི་ཐོག་ནས་བོད་ལྗོངས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་ཐོན་ལས་ཕྱོགས་ཡོངས་ནས་ཚད་གཞིའི་མ་ལག་འཛུགས་སྐྲུན་གྱི་དུས་རབས་སུ་བསྐྱོད་པ་མཚོན་པ་རེད།
         བརྗེད་ཐོ་ནི་རིག་གནས་ཡུལ་སྐོར་དང་ཐང་གའི་སྒྱུ་རྩལ། བོད་ཀྱི་གསོ་རིག་རིག་གནས། མི་རིགས་ལག་ཤེས་བཟོ་རྩལ། བོད་རིགས་ཀྱི་རྒྱན་གོས་སྒྱུ་རྩལ། བོད་ཡིག་དཔེ་སྐྲུན་སོགས་དང་འབྲེལ་བ་ཡོད་པ་རེད། ཁྱབ་ཁོངས་དེ་དག་ཏུ་བོད་ལྗོངས་ཀྱིས་རྒྱལ་ཁབ་དང་ས་གནས། ཚོགས་པ། ཁེ་ལས་སོགས་ཀྱི་རིམ་པ་ཁག་གི་རིག་གནས་ཐོན་ལས་ཀྱི་ཚད་གཞིའི་མ་ལག་དང་དེ་བཞིན་མ་ལག་ཞིབ་ཕྲ་ཞིབ་འཇུག་དང་གསར་བཟོ་བྱེད་རྒྱུ་རེད།
         བོད་ལྗོངས་སུ་མི་རིགས་རིག་གནས་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པས། ས་གནས་དེ་གའི་དགེ་མཚན་ལ་བརྟེན་ནས་ཁེ་ལས་མང་པོ་ཞིག་གིས་མི་རིགས་ཀྱི་རིག་གནས་དེ་ཁྱད་ཆོས་ལྡན་པའི་རིག་གནས་ཐོན་ལས་སུ་གསོ་སྐྱོང་བྱས་ནས་ཞིང་འབྲོག་མང་ཚོགས་ཀྱིས་ཀྱང“རིག་གནས་ལ་བརྟེན་ནས་ཡོང་འབབ”ཐོབ་ཡོད། རིག་གནས་སྡེ་ཁག་གི་འབྲེལ་ཡོད་བསྡོམས་རྩིས་ལ་གཞིགས་ན། 2017ལོར་བོད་ལྗོངས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་ཐོན་ལས་ཀྱི་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར་40ལས་བརྒལ་བ་དང་། ལས་སྒྲུབ་མི་སྣ་ཁྲི་ཚོ་4ལ་ཉེ་བ་ཡོད་ཅིང་། རིག་གནས་ཐོན་ལས་ཀྱིས་དཔལ་འབྱོར་འཕེལ་རྒྱལ་ལ་ལེགས་སྐྱེས་འབུལ་ཚད་ཉིན་བཞིན་མངོན་གསལ་དུ་འགྲོ་བཞིན་ཡོད་པ་རེད།
         བོད་ལྗོངས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་གཏོང་འགོ་འཛུགས་ཕྱི་བའི་རྐྱེན་གྱིས་ད་ལྟ་ད་དུང་ཁྱོན་ཡོངས་ནས་འཕེལ་རྒྱས་གཏོང་འགོ་འཛུགས་པའི་དུས་རིམ་དུ་གནས་ཡོད་པས། འབྲེལ་ཡོད་ཚོང་ར་ཚད་ལྡན་ཅན་ད་དུང་ལེགས་སུ་གཏོང་དགོས་པ་དང་། ལྷག་པར་དུ་ལས་རིགས་ཀྱི་ས་གནས་ཚད་གཞི་མགྱོགས་མྱུར་བཏོན་ནས་ལག་བསྟར་བྱེད་དགོས་གཏུགས་ཆེ་ཞིང་། འབྲེལ་ཡོད་ཐོན་ལས་ཀྱི་ཚོང་རའི་སྐད་ཆ་ཤོད་དབང་སྔར་ལས་དམ་འཛིན་བྱས་ནས་ས་ཁོངས་ཀྱི་ཐོན་རྫས་གྲགས་ཅན་གྱི་བག་ཆགས་འཇོག་ནུས་རྒྱ་ཆེ་རུ་གཏོང་དགོས་པ་རེད།
         བོད་རང་སྐྱོང་ལྗོངས་རིག་གནས་ཐིང་ཐོན་ལས་ཁྲུའི་ཁྲུའུ་ཀྲང་ནོར་བུ་ཚེ་རིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཁྱད་ཆོས་ལྡན་པའི་ཐོན་ལས་ཚད་ལྡན་ཅན་གྱི་མ་ལག་དབང་གྲགས་ཆེ་བ་བཙུགས་པ་དེས་འཕེལ་རྒྱས་གཏོང་རིང་འགག་རྩ་ལས་བརྒལ་བ་ནུས་ལྡན་བྱེད་ཐུབ་པས། ཐོན་ལས་ཚན་རིག་དང་མཐུན་ཞིང་ཚད་ལྡན་དུ་འགྱུར་བ་དང་། རྒྱུན་སྲིང་ངང་འཕེལ་རྒྱས་བགྲོད་ལམ་དུ་སྐྱོད་པར་ཁྲིད་སྟོན་བྱེད་པར་ཕན་པ་ཡོད་པ་རེད།
         ཐང་ག་ནི་བོད་ལྗོངས་ཀྱི་སྣ་མང་རིག་གནས་ཐོན་ལས་ཁྲོད་འཕེལ་རྒྱས་གནད་སྨིན་འཐུས་ཚང་ཙམ་བྱུང་བ་ཞིག་རེད། རིག་གནས་རྒྱུན་འཛིན་གྱི་རྨང་གཞིའི་ཐོག་ཐོན་ལས་ཅན་གྱི་བགྲོད་ལམ་ཁྲོད་ཐང་ག་སྒྱུ་རྩལ་གསར་གཏོད་ཀྱིས་འཕེལ་རྒྱས་བྱུང་ཡོད། འབྲེལ་ཡོད་ཀྱི་ཚད་གཞིའི་མ་ལག་ཀྱང་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བཞིན་ཡོད་པ་དང་། 《བོད་ལྗོངས་ཀྱི་ཐང་གའི་རིགས་དབྱེ་ས་གནས་ཀྱི་ཚད་གཞི་》བཏོན་ནས་ལག་བསྟར་བྱེད་བཞིན་ཡོད་པ་དང་། 《བོད་ལྗོངས་ཀྱི་སྲོལ་རྒྱུན་ཐང་ག་བྲིས་མའི་ས་གནས་ཀྱི་ཚད་གཞི་》དང་།  《བོད་ལྗོངས་ཀྱི་ཐང་ག་ཐགས་གྲུབ་མའི་ས་གནས་ཀྱི་ཚད་གཞི་》《ཐང་གའི་ཚོན་རྫས་》《ཐང་གའི་པིར་སྨྱུག་》སོགས་བཟོ་རྩལ་ཚད་གཞི་བརྟན་པོའི་ངང་སྐུལ་སྤེལ་གཏོང་བཞིན་ཡོད་པ་རེད།
         ཐང་གའི་ཚད་གཞིའི་མ་ལག་བཙུགས་པ་དང་འཐུས་ཚང་དུ་བཏང་བས། ཐོན་ལས་འཕེལ་རྒྱས་ཆེན་པོ་འགྲོ་བར་སྐུལ་སྤེལ་ནུས་ལྡན་བཏང་བ་རེད། བསྡོམས་རྩིས་བྱས་པར་གཞིགས་ན། ད་ལྟ་བོད་ལྗོངས་སུ་ཆེད་ལས་ལྷ་རིས་པ་2000ལྷག་ཙམ་ཡོད་པ་དང་། ལོ་ལྟར་ཐང་ག་རྩེར་སོན་ཆིག་སྟོང་ལྷག་ཙམ་བཞེངས་ཤིང་། ཐང་གའི་ལོ་རེའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་ཡན་ཟིན་གྱི་ཡོད་པ་རེད། ཐང་ག་ནི་བོདལྗོངས་གི་ཁྱད་ཆོས་ལྡན་པའི་རིག་གནས་ཐོན་ལས་དར་རྒྱས་གོང་འཕེལ་བྱུང་བའི་མཚོན་རིས་སུ་གྱུར་པ་རེད།
          ཐང་གའི་ས་གནས་ཚད་གཞི་འཛུགས་སྐྲུན་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ་དང་ཆབས་ཅིག་བོད་ལྗོངས་ཀྱིས་ད་ལོར་ད་དུང་《བོད་སྤོས་》དང་《བོད་རུམ་》《བོད་རིགས་ཀྱི་གོས་རྒྱན་》སོགས་ཀྱི་ས་གནས་ཀྱི་ཚད་གཞི་བཟོ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ་བཞིན་ཡོད་པ་རེད། སྐབས་ཐོག་བོད་ལྗོངས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་ཐོན་ལས་ཀྱི་ཚད་གཞིའི་མ་ལག་རགས་ཙམ་ཆགས་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།