འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།གླིང་ཆེན་ཨ་ཧྥེ་རི་ཁའི་དཔོན་རིགས་ཀྱིས་ཀྲུང་གོའི་ཉམས་མྱོང་ལ་སློབ་སྦྱོང་བྱས་ནས"རྒྱུད་
    གཅིག་ལམ་གཅིག"དང་སྦྲེལ་མཐུད་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་03ཉིན། 11:04】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཨེ་ཙེ་ཨོ་ཕི་ཡ་ཨེ་ཏི་སི་ཨ་པ་པའི་ཚོང་དོན་སྐུལ་སྤེལ་ཅུས་ཀྱི་ཅུས་ཀྲང་ཏི་ལ་མུས་ཉིན་ཤས་གོང་བརྗོད་དོན། བཟོ་ལས་ཁུལ་འཛུགས་པ་དང་། མ་རྩ་འཇོག་མཁན་གྱི་བློ་འགུག་པ། བདེ་འཇགས་དང་བརྟན་ལྷིང་ལྡན་པའི་མ་རྩ་འཇོག་པའི་ཁོར་ཡུག་གཏོད་པ་བཅས་ནི་གླིང་ཆེན་ཨ་ཧྥེ་རི་ཁས་ཀྲུང་གོར་གཙོ་གནད་སློབ་སྦྱོང་བྱེད་ས་ཞིག་རེད། དེ་དང་དུས་མཚུངས་གླིང་ཆེན་ཨ་ཧྥེ་རི་ཁར་རང་ཡུལ་གྱི་ཡིད་ཆེས་ཡོད། ཀྲུང་གོའི་ཉམས་མྱོང་དཔྱད་གཞིར་འཛིན་སྐབས་རང་ངོས་ཀྱི་གནས་ཚུལ་དང་ཟུང་འབྲེལ་གང་ལེགས་བྱས་ཏེ་ཆ་ཚང་ལད་མོ་བྱེད་མི་རུང་།
         ཏི་ལ་མུས་པེ་ཅིང་སློབ་ཆེན་གླིང་ཆེན་ཨ་ཧྥེ་རི་ཁའི་ཞིབ་འཇུག་ལྟེ་གནས་ཀྱིས་ཉེ་ཆར་གཙོ་གཉེར་བྱས་པའི་བྷོ་ཡ་གླིང་ཆེན་ཨ་ཧྥེ་རི་ཁའི་ལོ་གསར་གླེང་སྟེགས་ཐོག་གོང་གི་སྐད་ཆ་དེ་བརྗོད་པ་རེད། ད་ཐེངས་གླེང་སྟེགས་འདིའི་བརྗོད་དོན་གཙོ་བོ་ནི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་གླིང་ཆེན་ཨ་ཧྥེ་རི་ཁའི་《2063ལོའི་གྲོས་རིམ་》ཡིན་པ་དང་། རྒྱལ་ཕྱི་རྒྱལ་ནང་གི་རིགས་གཅིག་མཁས་ཅན་དང་མཁས་དབང་། དཔོན་རིགས་དང་ཁེ་ལས་པ་150ལྷག་ཙམ་ཚོགས་འདུར་ཞུགས་ཡོད་པ་རེད།
        པེ་ཅིང་སློབ་ཆེན་གླིང་ཆེན་ཨ་ཧྥེ་རི་ཁའི་ཞིབ་འཇུག་ལྟེ་གནས་ཀྱི་དྲུང་ཆེ་ལིའུ་ཧའེ་ཧྥང་གིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་གླིང་ཆེན་ཨ་ཧྥེ་རི་ཁའི་《2063ལོའི་གྲོས་རིམ་》དབར་མཐུན་པའི་ཆ་མང་པོ་ཡོད་པ་དང་། ཀྲུང་གོ་དང་གླིང་ཆེན་ཨ་ཧྥེ་རི་ཁ་གཉིས་ཁེ་གཉིས་ཕན་བྱུང་ཚེ་གོ་ལ་ཧྲིལ་པོར་གླིང་ཆེན་ཨ་ཧྥེ་རི་ཁའི་གནས་བབ་སྔར་བས་གོང་མཐོར་འགྲོ་རྒྱུར་སྐུལ་འདེད་གཏོང་ཐུབ་ཅེས་བསྟན་པ་རེད།
         ཀྲུང་གོས་བཏོན་པའི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོའི་དམིགས་ཡུལ་ནི་མཉམ་འབྲེལ་སྦྲེལ་མཐུད་དང་འདྲ་མཉམ་མཉམ་ལས་ལ་བརྟེན་ནས་རྒྱུད་གཅིག་ལམ་གཅིག་རྒྱུད་ཀྱི་རྒྱལ་ཁབ་དང་ཐུན་མོང་འཕེལ་རྒྱས་དང་ཐུན་མོང་དར་རྒྱས་ཡོང་བ་བྱ་རྒྱུ་དེ་རེད། 《2063ལོའི་གྲོས་རིམ་》ནི་གླིང་ཆེན་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱིས་2015ལོར་གྲོས་འཆམ་བྱུང་བའི་གླིང་ཆེན་ཨ་ཧྥེ་རི་ཁའི་འབྱུང་འགྱུར་འཕེལ་རྒྱས་སྐོར་གྱི་ཕུགས་ཀྱི་འཆར་འགོད་ཞིག་ཡིན་པ་དང་། འདིའི་དམིགས་ཡུལ་ནི་ལོ་50ཡི་རིང་ས་ཁུལ་གཞི་གཅིག་ཅན་དང་ཞི་བདེ་དར་རྒྱས་ཀྱི་གླིང་ཆེན་ཨ་ཧྥེ་རི་ཁ་གསར་པ་ཞིག་བསྐྲུན་རྒྱུ་དེ་ཡིན་པ་རེད།
         ཀྲུང་གོ་དང་གླིང་ཆེན་ཨ་ཧྥེ་རི་ཁའི་འཕེལ་རྒྱས་ཐེབས་རྩའི་ཙུང་ཚའེ་ཧྲི་ཅི་དབྱང་གིས་ཀྲུང་གོ་དང་གླིང་ཆེན་ཨ་ཧྥེ་རི་ཁའི་མཉམ་ལས་ནི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། ཀྲུང་གོ་དང་གླིང་ཆེན་ཨ་ཧྥེ་རི་ཁའི་མི་འབོར་གྱི་བསྡོམས་འབོར་གྱིས་འཛམ་གླིང་ཧྲིལ་པོའི་བརྒྱ་ཆ་སུམ་ཅུ་ཟིན་ཡོད་པས་ཁྲོམ་རའི་གཏིང་ཤུགས་ཧ་ཅང་ཆེན་པོ་ལྡན་པ་མ་ཟད། ཕྱོགས་གཉིས་ཀའི་ཁྲོམ་ར་ཕན་ཚུན་གསབ་རེས་བྱེད་ཐུབ་པས་མཉམ་ལས་ཀྱི་བར་མཐོངས་ཧ་ཅང་ཆེན་པོ་ཡོད་ཅེས་བརྗོད་པ་དང་། ཤེས་རྟོགས་བྱས་པར་གཞིགས་ན། ཀྲུང་གོ་དང་གླིང་ཆེན་ཨ་ཧྥེ་རི་ཁའི་འཕེལ་རྒྱས་ཐེབས་རྩ་ནི་ཀྲུང་གོ་དང་གླིང་ཆེན་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་གྲུབ་འབྲས་ཤིག་ཡིན་པས་ཀྲུང་གོའི་ཁེ་ལས་ཀྱིས་གླིང་ཆེན་ཨ་ཧྥེ་རི་ཁའི་རྒྱལ་ཁབ་30ལྷག་ཙམ་དུ་མ་འཇོག་རྣམ་གྲངས་90ལྷག་ཙམ་ལ་རྒྱབ་སྐྱོར་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།