འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།ང་ཚོས་ནུས་ཤུགས་གང་ཡོད་ཀྱིས་རྣམ་གྲངས་ལག་ལེན་ལ་སྐུལ་འདེད་གཏོང་རྒྱུ་ཡིན།

    —— ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་འཁུར་བའི་ཁོ་སི་ཐ་རི་ཁའི་གཞུང་ལམ་རྒྱས་སྐྲུན་རྣམ་གྲངས་སྐོར་བཀོད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་03ཉིན། 11:03】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཁོ་སི་ཐ་རི་ཁའི་རྒྱལ་ས་སན་ཅོ་སིའི་བྱང་ཤར་རྒྱུད་ཀྱི་ཤིང་ནགས་སྟུག་པོའི་ཁྲོད་ཧ་ཅང་གུ་དོག་པའི་གཞུང་ལམ་ཀྱག་ཀྱོག་ཅིག་བརྒྱུད་ཚེ་སྤྱི་ལེ་100ལྷག་ཙམ་ཡོད་པའི་ཤར་རྒྱ་མཚོའི་ངོགས་སུ་འབྱོར་གྱི་ཡོད། དེ་ནི་སན་ཅོ་སི་དང་ཁོ་སི་ཐ་རི་ཁའི་ཤར་རྒྱུད་ཀྱི་གྲུ་ཁ་གཙོ་བོ་ལི་མོང་གྲུ་ཁ་སྦྲེལ་མཐུད་བྱེད་པའི་གཞུང་ལམ་ཨང་32པ་དེ་རེད། ཁོ་སི་ཐ་རི་ཁའི་ཟོག་འགྲེམས་འགྲོ་ལམ་གལ་ཆེ་ཤོས་ཡིན་པའི་གཞུང་ལམ་དེར་རྒྱལ་ཁབ་དེའི་ཕྱིར་གཏོང་ནང་འདྲེན་གྱི་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་80%ཙམ་ཟིན་ཡོད།
          ཀྲུང་གོའི་མཚོ་ཁུག་ལས་གྲྭ་ཚད་ཡོད་འགན་འཁྲི་ཀུང་སིས་(ཀྲུང་གོའི་མཚོ་ཁུག)སྐྲུན་འགན་འཁུར་བའི་གཞུང་ལམ་ཨང་32པའི་རྒྱས་སྐྲུན་རྣམ་གྲངས་ཀྱིས་ལམ་དུམ་དང་འབྲེལ་བའི་ཕྱོགས་གཉིས་ཀའི་འཁོར་ལམ་2ནས་འཁོར་ལམ་4བར་རྒྱ་སྐྱེད་གཏོང་རྒྱུ་རེད།
         རྣམ་གྲངས་ལག་ལེན་བསྟར་ཡུལ་གཙོ་བོ་གཞུང་ལམ་ལམ་རྒྱུད་ཀྱི་ལི་མོང་ཞིང་ཆེན་ཤིས་ཅི་ལེ་སི་གྲོང་ཁྱེར་དུ་རེད། མིག་སྔར་དེར་གཞུང་ལས་ཁང་དང་། ཉལ་ཁང་། ཟ་ཁང་། བྱེད་སྒོ་ཁང་སོགས་ཀྱི་སྒྲིག་བཀོད་སྒྲིག་སྦྱོར་ཟིན་ནས་ས་ཁུལ་དབྱེ་འབྱེད་གསལ་བ་དང་ཨར་སྐྲུན་གྲལ་སྒྲིག་པ་མ་ཟད། དེའི་ཁྲོད་འཆར་འགོད་བྱས་ཟིན་པའི་སྤང་ཡང་བཀོད་སྒྲིག་བྱས་ཡོད།
         རྣམ་གྲངས་ཀྱི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཝང་པིང་པིང་གིས་གསར་འགོད་པར། མིག་སྔར་ཀྲུང་གོ་ཕྱོགས་ཀྱི་ཚོགས་པའི་མི་70ལྷག་ཙམ་ཡོད་པ་དག་གིས་རྣམ་གྲངས་ཀྱི་ལམ་ལུགས་བརྒྱུད་རིམ་སྣ་ཚོགས་བཟོ་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བཞིན་ཡོད་པ་མ་ཟད། ད་དུང་རྒྱུ་ཆ་དང་སྒྲིག་ཆས་ཉོ་སྒྲུབ་དང་། མངགས་གཏོང་། མི་སྣ་བསྡུ་བ་སོགས་ཨར་ལས་ཀྱི་དུས་འགོའི་གྲ་སྒྲིག་ལས་དོན་ཡང་སྤེལ་བཞིན་ཡོད་ཅེས་བཤད།
         “ང་ཚོས་ནུས་ཤུགས་གང་ཡོད་ཀྱིས་རྣམ་གྲངས་ལག་ལེན་ལ་སྐུལ་འདེད་གཏོང་རྒྱུ་ཡིན། མི་སྣ་མངགས་གཏོང་བྱས་ཟིན་མ་ཐག་འཕྲལ་དུ་ལས་གྲྭ་ལས་འགོ་འཛུགས་རྒྱུ་ཡིན”ཞེས་ཝང་པིང་པིང་གིས་བཤད།
         ཁོ་སི་ཐ་རི་ཁའི་འགྲིམ་འགྲུལ་པུའི་པུའུ་ཀྲང་གཞོན་པ་ཅི་སའེ་ལེ·ཨར་ཧྥ་ལོ་ཡིས“རྒྱལ་ཁབ་གཞན་གྱི་ཁོར་ཡུག་སྲུང་སྐྱོང་གི་ཁྲིམས་སྲོལ་ང་ཚོའི་རྒྱལ་ཁབ་ལྟར་ནན་པོ་མེད་པ་ང་ཚོས་ཁས་ལེན་གྱི་ཡོད”དེ་དང་ཆབས་ཅིག་ཀྲུང་གོའི་ཁེ་ལས་ཀྱིས་དེའི་ཐད་བསྒྲུབས་པའི་ལས་དོན་ལ་ངས་གདེང་འཇོག་གང་ལེགས་བྱེད་ཀྱི་ཡོད། “ང་ཚོས་ཀྲུང་གོའི་མཚོ་ཁུག་གི་ལས་དོན་སྒྲུབ་སྟངས་དང་དེའི་བཞིན་རང་ཉིད་ཀྱི་འཇོན་ཐང་འདོན་པ་མཐོང་ཐུབ། ཁོང་ཚོས་རིག་གནས་ཀྱི་ཧེ་བག་ཚང་མ་ཁྱད་བསད་ཐུབ་རེ་བྱེད་པ་མ་ཟད། རང་རྒྱལ་གྱི་གཏན་འབེབས་ཚང་མ་བརྩི་སྲུང་ཞུ་ཆེད་འབད་བརྩོན་ཧུར་ཐག་ཀྱང་བྱེད་ཀྱི་འདུག”ཅེས་བཤད།
         ལས་གྲྭར་དེར་རེ་སྒུག་ཆེན་པོ་བྱེད་མཁན་ལ་ད་དུང་ཁོ་སི་ཐ་རི་ཁའི་ཕྱིར་གཏོང་ནང་འདྲེན་གྱི་ཚོང་རྒྱག་མཁན་ཁེ་ལས་ཀྱང་ཡོད། རྒྱལ་ཡོངས་སུ་ལྕགས་རིགས་སྣ་ལྔའི་རྒྱུ་ཆའི་རིགས་འབྲེལ་ཚོང་ཁང་16གཉེར་སྐྱོང་བྱེད་མཁན་ལི་ཁ་ཏོ·མུའུ་ལ་ནི་དེའི་གྲས་ཀྱི་གཅིག་རེད།
         ཁེ་ལས་མཁས་ཅན་དེས་གསར་འགོད་པར། ངེད་ཀུང་སིས་ནང་འདྲེན་བྱས་པའི་དངོས་ཟོག་90%ཚང་མ་གྲུ་ཁ་ནས་གཏོང་གི་ཡོད། གཞུང་ལམ་ཨང་32པའི་རྒྱས་སྐྲུན་ལས་གྲྭ་ཀུང་སིའི་ངོས་ནས་བརྗོད་ན་ཧ་ཅང་གལ་འགངས་ཆེ་བ་ཞིག་རེད། གང་ལགས་ཤེ་ན། གཞུང་ལམ་དུ་དངོས་ཟོག་སྐྱེལ་འདྲེན་བྱེད་མང་དུ་སོང་བས་དངོས་ཟོག་གྲུ་ཁར་འཇོག་མི་དགོས་པར་ཐད་ཀར་སྐྱེལ་འདྲེན་བྱ་ཡུལ་དུ་བསྐྱལ་ན་འགྲིག་པས་ཡིན་ཞེས་བཤད།
         ལས་གྲྭ་ལག་ལེན་བསྟར་བ་ཕུད། གཞུང་ལམ་ཨང་32པའི་རྣམ་གྲངས་ལག་ལེན་བསྟར་རིང་དཔལ་འབྱོར་ཉོ་ཚོང་དང་། ལས་ཞུགས། ཤེས་ལྡན་མི་སྣ་སྐྱེད་སྲིང་སོགས་ཀྱི་ཐད་ཡུལ་དེར་ཕན་པ་དངོས་སྦྱིན་ཡོད།
         ཝང་པིང་པིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཀྲུང་གོའི་མཚོ་ཁུག་ཀུང་སིའི་ད་ཡོད་འཆར་གཞི་གཞིར་བཟུང་། གཞུང་ལམ་ཨང་32པའི་རྣམ་གྲངས་འཛུགས་སྐྲུན་ལ་སྤྱད་པའི་ལྕགས་རྩིབས་དང་། ཨར་འདམ། རྡོ་ཧྲུག ཁྲའེ་ཡིའུ་སྣུམ་སོགས་ཀྱི་སྤོམ་ཆེའི་རྒྱུ་ཆ་ཚང་མ་ཡུལ་དེ་ནས་ཉོས་པ་མ་ཟད། 60%ལས་བརྒལ་བའི་རྒྱུ་ཆ་གཞན་ཡང་ཡུལ་དེའི་ཁྲོམ་ར་ནས་ཉོ་གི་ཡོད། བྱེད་སྟངས་དེ་རིགས་ཀྱིས་ཡུལ་དེའི་རྒྱུ་ཆ་བྲིན་ཁ་རྒྱུག་པོ་ཡོད།
         ཕྱོགས་གཞན་ཞིག་ནས། རྣམ་གྲངས་ལག་ལེན་བསྟར་རིང་ཡུལ་དེའི་མི་སྣ་འབོར་ཆེན་བསྡུ་རྒྱུ་ཡིན་ཞིང་། སྔོན་དཔག་བྱས་ན་གླ་པ་1000དང་ཞོར་ལ་མི་800བསྡུ་རྒྱུ་རེད། དེ་དང་ཆབས་ཅིག་ཡུལ་དེའི་མི་སྣ་བསྡུ་སྐབས་སྔོན་ལ་ཡུལ་དེའི་བུད་མེད་སྲུང་སྐྱོང་རྩ་འཛུགས་ཀྱིས་འོས་སྦྱོར་བྱས་པའི་བུད་མེད་བཟོ་པ་བསྡུ་རྒྱུ་རེད། (ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། སུའུ་ཅ་ཝེ།)
      

    ཕྱོགས་བསྡུས་གསར་འགྱུར།