འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ལས་འབྲེལ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་11ཉིན། 16:39】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཀྲུང་གོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ལས་འབྲེལ།
          མི་དམངས་དྲ་བའི་འཕྲིན། ཀྲུང་གོ་1980ལོའི་ཨ་མེ་རི་ཁའི་ཕི་ལའེ་སའེ་ཏི་མཚེའུ་ཡི་དགུན་དུས་ཨོ་རྩལ་འགྲན་ཚོགས་སྐབས་བཅུ་གསུམ་པར་ཐེངས་ཐོག་མ་ཞུགས་པ་ནས་ད་ལྟ་འཚོག་འགོ་ཚུགས་མ་ཐག་པའི་2018ལོའི་ཕིང་ཁྲང་དགུན་དུས་ཨོ་རྩལ་འགྲན་ཚོགས་བར་གྱི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ལོ་རྒྱུས་ཐོག ཀྲུང་གོའི་ལུས་རྩལ་པ་ཚོས་མཛེས་བཀྲག་ཆེ་བའི་གཟུགས་བརྙན་བཞག་ཡོད་པ་མ་ཟད། བརྗེད་དཀའ་བའི་ཀྲུང་གོའི་གཏམ་རྒྱུད་ཀྱང་འབྲི་བཞིན་ཡོད་པ་རེད།
        1980ལོའི་ཨ་མེ་རི་ཁའི་ཕི་ལའེ་སའེ་ཏི་མཚེའུ་(Lake Placid)དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་ཐེངས་དང་པོར་འགྲན་བསྡུར་རུ་ཁག་མངག་གཏོང་བྱས་ནས་འགྲན་བསྡུར་ལ་ཞུགས་པ།
        1980ལོར། ཀྲུང་གོའི་འཐུས་ཚབ་ཚོགས་པ་ཡིས་ཐེངས་དང་པོར་འགྲན་བསྡུར་རུ་ཁག་མངག་གཏོང་བྱས་ནས་ཕི་ལའེ་སའེ་ཏི་མཚེའུ་ཡི་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་ཞུགས་པ་དང་། སྐབས་དེའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་ཀྲུང་གོས་ཁྱོན་བསྡོམས་ལུས་རྩལ་པ་28མངག་གཏོང་བྱས་ཏེ་མགྱོགས་མྱུར་འཁྱགས་ཤུད་དང་། གར་སྟབས་འཁྱགས་ཤུད། རི་མཐོའི་གངས་ཤུད། ལྗོངས་ཕྱིའི་གངས་ཤུད། དགུན་དུས་གྱི་འགྲན་ཚན་གཉིས་བཅས་ཁྱོན་བསྡོམས་འགྲན་ཚན་5དང་འགྲན་ཚན་རྐྱང་པ་17བཅས་ཀྱི་འགྲན་བསྡུར་ལ་ཞུགས་པ་རེད།
        1988ལོའི་ཁ་ན་ཏའི་ཁལ་གཱ་རའེ་དགུན་དུས་ཨོ་རྩལ་འགྲན་ཚོགས་སྐབས་འཁྲབ་སྟོན་འགྲན་ཚན་ལ་གཟེངས་རྟགས་ཐོག་མ་ཐོབ་པ།
        1988ལོའི་ཁལ་གཱ་རའེ་(Calgary)དགུན་དུས་ཨོ་རྩལ་འགྲན་ཚོགས་ཐོག རྒྱུག་ཐུང་འཁྱགས་ཤུད་མྱུར་འགྲན་གྱི་འགྲན་ཚན་དེ་འཁྲབ་སྟོན་འགྲན་ཚན་ཐོག་ནས་འགྲན་བསྡུར་བྱས་ཤིང་། ད་ལྟའི་ཀྲུང་གོའི་རྒྱུག་ཐུང་འཁྱགས་ཤུད་མྱུར་འགྲན་རུ་ཁག་གི་རྩལ་ཁྲིད་པ་གཙོ་བོ་ལི་ཡན་གྱིས་རྒྱུག་ཐུང་འཁྱགས་ཤུད་མྱུར་འགྲན་གྱི་བུད་མེད་སྨི་1000འགྲན་བསྡུར་ནང་གསེར་གྱི་གཟེངས་རྟགས་བླངས་པ།
         1992ལོའི་ཧྥ་རན་སེའི་ཨལ་པེར་ཝི་ཨར་(Albertville)དགུན་དུས་ཨོ་རྩལ་འགྲན་ཚོགས་ཐོག"གཟེངས་རྟགས་མེད་པ་ལས་བར་བརྒལ"མངོན་འགྱུར་བྱས་པ།
         ཨལ་པེར་ཝི་ཨར་དགུན་དུས་ཨོ་རྩལ་འགྲན་ཚོགས་ཐོག ཡེ་ཆའོ་པོ་ཡིས་ཀྲུང་གོའི་འཐུས་ཚབ་ཚོགས་པའི་དོན་དུ་གཟེངས་རྟགས་མེད་པ་ལས་བར་བརྒལ་མངོན་འགྱུར་བྱས་ཤིང་། ཁོ་མོས་སྐར་ཆ་40.51གི་གྲུབ་འབྲས་ཐོག་ནས་བུད་མེད་འཁྱགས་ཤུད་མྱུར་འགྲན་སྨི་500འགྲན་བསྡུར་གྱི་ཨང་གཉིས་པ་བླངས་པ་དང་། སྐབས་དེའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཐོག་ཀྲུང་གོ་ལ་དངུལ་གྱི་གཟེངས་རྟགསགསུམ་ཐོབ་ཅིང་། དེའི་ཁྲོད་དངུལ་གྱི་གཟེངས་རྟགས་གཉིས་ནི་ཡེ་ཆའོ་པོ་ཡིས་བླངས་པ་རེད།
         2002ལོའི་ཨ་མེ་རི་ཁ་རྒྱལ་ཁབ་ཀྱི་ཚྭ་མཚོ་གྲོང་ཁྱེར་(Salt Lake City)དགུན་དུས་ཨོ་རྩལ་འགྲན་ཚོགས་ཐོག་དབྱང་དབྱང་གིས་གསེར་གྱི་རྟགས་མ་བླངས་ནས་ལོ་རྒྱུས་བཏོད་པ།
         2002ལོའི་ཨ་མེ་རི་ཁ་རྒྱལ་ཁབ་ཀྱི་ཚྭ་མཚོ་གྲོང་ཁྱེར་དགུན་དུས་ཨོ་རྩལ་འགྲན་ཚོགས་ཐོག ཀྲུང་གོ་ལ་གསེར་གྱི་རྟགས་མ་མེད་པའི་ལོ་རྒྱུས་མཇུག་རྫོགས་པ་རེད། དབྱང་དབྱང་གིས་ལམ་ཐུང་མགྱོགས་མྱུར་འཁྱགས་ཤུད་ཀྱི་བུད་མེད་སྨི་500ཡི་འགྲན་བསྡུར་ནང་ཨང་དང་པོ་བླངས་ཏེ་ཀྲུང་གོ་ལ་ལོ་རྒྱུས་ཐོག་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་དང་པོ་ཐོབ་པ་རེད།
         2006ལོའི་དབྱི་ཐ་ལིའི་ཐོ་རི་ནོ་(Torino)དགུན་དུས་ཨོ་རྩལ་འགྲན་ཚོགས་ཐོག་གངས་ཐོག་འགྲན་ཚན་ལ་གསེར་གྱི་གཟེངས་རྟགས་ཐོག་མར་བླངས་པ།
         ཐོ་རི་ནོ་དགུན་དུས་ཨོ་རྩལ་འགྲན་ཚོགས་ཐོག ཀྲུང་གོའི་ལུས་རྩལ་པ་ཧན་ཞའོ་ཕེང་གིས་སྐྱེས་པའི་རང་མོས་གངས་ཤུད་བར་སྣང་འཁྲབ་རྩལ་འགྲན་བསྡུར་ཁྲོད་གསེར་གྱི་གཟེངས་རྟགས་བླངས་ཤིང་། འདི་ནི་ཀྲུང་གོའི་འགྲན་ཞུགས་པས་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ལོ་རྒྱུས་ཐོག་ཐོབ་པའི་གངས་ཐོག་འགྲན་ཚན་གྱི་གསེར་གྱི་གཟེངས་རྟགས་དང་པོ་ཡིན་ལ། སྐྱེས་པའི་འགྲན་ཚན་གྱི་ཨང་དང་པོ་ཐོག་མ་ཡང་རེད། ཀྲང་ཏན་དང་ཀྲང་ཝུའུ་གཉིས་འཕར་མཆོང་སྐོར་བཞིའི་འགྲན་བསྡུར་བྱེད་སྐབས་ནོར་འཛོལ་བྱུང་ཞིང་། ཀྲང་ཏན་ལ་རྨས་སྐྱོན་ཕོག་པའི་གནས་ཚུལ་འོག་དཔའ་ངར་ཆེན་པོས་བསྐྱར་དུ་འགྲན་བསྡུར་ལ་ཞུགས་ནས་ཀྲུང་གོའི་རུ་ཁག་གི་དོན་དུ་མི་གཉིས་ཀྱི་འཁྱགས་ཤུད་འགྲན་བསྡུར་ཁྲོད་རྨད་བྱུང་དངུལ་གྱི་གཟེངས་རྟགས་ཤིག་བླངས་པ་རེད།
        2010ལོའི་ཁ་ན་ཏའི་ཝན་ཁོའུ་ཝེར་(Vancouver)དགུན་དུས་ཨོ་རྩལ་འགྲན་ཚོགས་ཐོག་གསེར་གྱི་གཟེངས་རྟགས་ཀྱི་བསྡོམས་གྲངས་ཟིན་ཐོ་གསར་པ་བཏོད་པ།
        2010ལོའི་ཝན་ཁོའུ་ཝེར་དགུན་དུས་ཨོ་རྩལ་འགྲན་ཚོགས་ཐོག ཀྲུང་གོའི་རུ་ཁག་ལ་ཁྱོན་བསྡོམས་གཟེངས་རྟགས་11ཐོབ་པ་དང་། དེའི་ཁྲོད་དུ་གསེར་གྱི་གཟེངས་རྟགས་5ཐོབ་པ་སྟེ། ཧྲེང་ཞུའེ་དང་ཀྲའོ་ཧུང་པོ་གཉིས་ལ་གར་སྟབས་འཁྱགས་ཤུད་མི་གཉིས་ཅན་གྱི་ཨང་དང་པོ་དང་། ཀྲོའུ་དབྱང་ལ་རྒྱུག་ཐུང་འཁྱགས་ཤུད་མྱུར་འགྲན་བུད་མེད་སྨི་1500ཡི་ཨང་དང་པོ། ཝང་མེང་ལ་རྒྱུག་ཐུང་འཁྱགས་ཤུད་མྱུར་འགྲན་བུད་མེད་སྨི་500དང་སྨི་1000ཡི་ཨང་དང་པོ་གཉིས། ཀྲུང་གོའི་རྒྱུག་ཐུང་འཁྱགས་ཤུད་མྱུར་འགྲན་བུད་མེད་རུ་ཁག་ལ་སྨི་3000གི་གཅིག་རྗེས་གཅིག་མཐུད་ཚོགས་པའི་འགྲན་བསྡུར་གྱི་ཨང་དང་པོ་བཅས་ཐོབ་པ་རེད།
         2014ལོའི་ཨུ་རུ་སུའི་སོ་ཆི་(Sochi)དགུན་དུས་ཨོ་རྩལ་འགྲན་ཚོགས་ཐོག་འཁྱག་ཤུད་མྱུར་འགྲན་ལ་ལོ་རྒྱུས་ཐོག་གི་གསེར་གྱི་གཟེངས་རྟགས་ཐོག་མ་ཐོབ་པ།
         དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་ཐེངས་དང་པོ་ཞུགས་པའི་ལུས་རྩལ་པ་ཀྲང་ཧུང་གིས་འཁྱགས་ཤུད་མྱུར་འགྲན་བུད་མེད་སྨི་1000ཡི་རྟིང་རྩོད་འགྲན་བསྡུར་ཁྲོད་ཨང་དང་པོ་བླངས་པས། ཀྲུང་གོར་ལོ་རྒྱུས་ཐོག་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འཁྱགས་ཤུད་མྱུར་འགྲན་གྱི་གསེར་གྱི་གཟེངས་རྟགས་ཐོག་མ་ཐོབ་པ་རེད།
         2018ལོའི་ཁོ་རེ་ཡ་ལྷོ་མའི་ཕིང་ཁྲེང་(Pingchang)དགུན་དུས་ཨོ་རྩལ་འགྲན་ཚོགས་ཐོག་ངོ་མཚར་ཆེ་བའི་གཏམ་རྒྱུད་གསར་པ་གཏོད་པར་རེ་སྒུག་བྱེད་བཞིན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།