འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།"ཡག་པོ་བཞིའི་གྲོང་གསེབ་གཞུང་ལམ"གྱིས་ཏང་ཡོན་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་ཕྱིན་པ། 

    མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། པན་མིན་ཏེ་དང་ལིའུ་ཀྲེ་ཆང་། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་11ཉིན། 15:21】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། “སླར་ཡང་གུང་ཁྲན་ཏང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ལམ་ལ་ཆས་དུས་ཁྱེད་ཉིད་ཡིད་ལ་འཆར་བྱུང་། སྔོན་ཆད་འཕྲང་ལམ་དོག་པོའི་ཐོག་ཆས་དགོས་པ་དང་ད་ཆ་ལམ་བུ་བདེ་ལ་ཡངས་ཤིང་རྒྱ་ཆེ་བ་ཞིག་འདུག”ཝུའུ་ཧྥ་ཆོན་གྱིས་ལུས་ལ་བོད་ཆས་ལེགས་པར་གྱོན་ནས་གྲོང་ཚོའི་ལམ་འགྲམ་གྱི་ཐང་ཆེན་དུ་འགྱིང་ངེར་ལངས་ཏེ། སྔོན་ལ་ཚིག་གི་བཤད་པ་བླངས་པ་དང་དེ་རྗེས་སྐད་གསང་མཐོན་པོས་གླུ་གཞས་བཏང་། ས་བབ་མཐོ་ཚད་སྨི་2600ཟིན་པའི་དབེན་འཇམ་རི་གྲོང་དུ་དུས་ཚོད་གང་ཙམ་སོང་རྗེས་དགོད་སྒྲས་ཁེངས། ཝུའུ་ཧྥ་ཆོན་གྱིས་ཡུལ་དེར་མི་རབས་ནས་མི་རབས་རྒྱུན་འཛིན་བྱེད་པའི་དམངས་གཞས་བཏང་སྟེ་ཡུལ་མི་སྤུན་ཟླ་ཚོའི་བསམ་ཚུལ་མཚོན་པར་བྱས། འདི་ག་ནི་དགུན་དུས་ཀྱི་སི་ཁྲོན་ཞིང་ཆེན་བཙན་ལྷ་རྫོང་དབང་ཞིང་གྲོང་རྡལ་ཡིན་ཞིང་། ཕྱོགས་བཞི་མཚམས་བརྒྱད་ལ་ཤར་བགྲོད་ཐུབ་པའི་གྲོང་གསེབ་གཞུང་ལམ་གྱིས་སྔོན་ཆད་རི་མཐོའི་སྟེང་ཁ་ཐོར་དུ་གནས་པའི་གྲོང་མི་གཅིག་འདུས་བྱུང་བ་མ་ཟད། ཏང་གི་སྲིད་ཇུས་བཟང་པོ་དེ་བས་མགྱོགས་ལ་ཏན་ཏིག་སྒོ་ནས་ཁྱིམ་ཚང་ཁྲི་སྟོང་མང་པོར་དོན་འཁྱོལ་ཐུབ་ཡོད།
         བཙན་ལྷ་རྫོང་ཙམ་མིན་པར་གྲོང་གསེབ་ཀྱི་གཞུང་ལམ་མང་ཆེ་བ་ཡངས་ཤིང་རྒྱ་ཆེ་བ་དང་། མཁྲེགས་པ། འཁོད་སྙོམས་པ་བཅས་པས། རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་ཝུའུ་ཧྥ་ཆོན་དང་འདྲ་བའི་གཞི་རིམ་གྱི་མང་ཚོགས་མང་པོ་ལུས་བདེ་སེམས་སྐྱིད་དང་ངར་ཤུགས་འཕེལ་ནས་ཏང་དང་སྲིད་གཞུང་དབར་གྱི་བར་ཐག་ཀྱང་དེ་བས་ཇེ་ཉེར་ཕྱིན་ཡོད། དུད་ཚང་50ལས་མེད་པའི་ཧེ་ཧྲེ་ཀོའུ་གྲོང་ཚོར་ལམ་བུ་ཤར་གཏོང་ཐུབ་ཡོད། ཧྲན་ཏུང་ཞིང་ཆེན་མོང་དབྱིན་རྫོང་ཀའོ་ཏུའུ་གྲོང་རྡལ་ནས་ཧེ་ཧྲི་ཀོའུ་བར་སྤྱི་ལེ་གཅིག་ཙམ་ལས་མེད། འོན་ཀྱང་བར་དུ་ཆུ་བོ་ཆུང་ཆུང་ཞིག་གིས་ཆོད་ཡོད་སྟབས་གྲོང་མི་གྲོང་རྡལ་དུ་འགྲོ་དགོས་ན་སྔོན་ལ་སྤྱི་ལེ་གཅིག་གི་སེག་མའི་ལམ་དུ་བསྐྱོད་དགོས་པ་དང་གཞུང་ལམ་དུ་སླེབས་རྗེས་སླར་ཡང་སྤྱི་ལེ་གཉིས་ཙམ་སྐོར་དགོས་ཀྱི་ཡོད། ལམ་བཟོ་བས་བསམ་བློ་ཐེངས་མང་བཏང་རུང་བསམ་དོན་གཏན་ནས་འགྲུབ་ཐུབ་མེད། གང་ལགས་ཤེ་ན། གཅིག་ནས་དེ་གོང“གྲོང་ཚོ་ཀུན་ཁྱབ”ཀྱི་ལས་གྲྭ་སྲིད་འཛིན་གྲོང་ཚོར་མ་གཏོགས་ཤར་གཏོང་མ་ཐུབ་པ་དང་། གཉིས་ནས་གྲོང་མི་ཕྱུག་པོ་མེད་ལ་གྲོང་ཚོའི་ནང་དུའང་མཉམ་སྡེབ་ཀྱི་ཡོང་འབབ་མེད་པའི་ཁར་མ་དངུལ་གྲབས་གསོག་བྱེད་ཁག་པོ་ཡོད་པ། གསུམ་ནས་གང་སར་བྲག་རི་ཤ་སྟག་ཡིན་པ་མ་ཟད། ད་དུང་ཆུ་བོ་སྒྲོལ་དགོས་པས་ཨར་ལས་ཀྱི་དཀའ་ཚེགས་ཆེ་བ་སོགས་ཀྱི་རྐྱེན་པས་རེད། “གྲོང་མིས་གྲོང་ཚོ་ཨུ་ལྷན་གཉིས་དང་གྲོང་རྡལ་དུ་ལམ་བུ་བཟོ་དགོས་པའི་རེ་བ་ཐེངས་མང་ཞུས་ཀྱང་རྒྱུ་རྐྱེན་སྣ་ཚོགས་དབང་གིས་ལམ་བུ་བཟོ་ཐུབ་མེད”ཧེ་ཧྲི་ཀོའུ་གྲོང་ཚོའི་ཁོངས་གཏོགས་ཀྱི་ཀའོ་ཏུའུ་སྡེ་ཁུལ་ཏང་ཀྲི་པུའི་ཧྲུའུ་ཅི་ཀྲང་ཀུའེ་པིན་གྱིས་གནད་དོན་དེའི་ཐད་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད། 2013ལོར་མོང་དབྱིན་རྫོང་ཧྲན་ཏུང་ཞིང་ཆེན་གྱི་ཁག་གཉིས་པའི་གྲོང་ཚོ་རིམ་པའི་གཞུང་ལམ་དྲ་སྦྲེལ་ཅན་གྱི་དཔེ་སྟོན་རྫོང་ཁོངས་སུ་བཅུག་ནས་ལོ་གཉིས་རིང་སྤྱི་ལེ་300ལྷག་ཙམ་གྱི་གྲོང་ཚོ་རིམ་པའི་གཞུང་ལམ་བསྐྲུན་དགོས་པའི་བླང་བྱ་བཏོན་ཡོད། ཀྲང་ཀུའེ་པིན་དང་གྲོང་རྡལ་གྱི་འགོ་ཁྲིད་ཀྱིས་གནས་ཚུལ་དེ་ཤེས་འཕྲལ་རྫོང་འགྲིམ་འགྲུལ་ཅུས་སུ་བསྐྱོད་དེ་ཧེ་ཧྲེ་ཀོའུ་ཡི་གནས་ཚུལ་གསལ་བཤད་ནན་ཏན་བྱས་པ་རེད། བརྟག་དཔྱད་བྱས་ནས་ཤེས་རྟོགས་བྱུང་གསལ། ཧེ་ཧྲེ་ཀོའུ་གྲོང་ཚོར་དུད་ཚང་50ཙམ་ལས་མེད་པས“གཞུང་ལམ་དྲ་སྦྲེལ་ཅན་གྱི་ལས་གྲྭའི”གཞི་རྩའི་ཆ་རྐྱེན་འཛོམས་ཀྱི་མེད། འོན་ཀྱང་གྲོང་མིར་ལམ་དགོས་གལ་ཧ་ཅང་ཆེན་པོ་ཡོད། དམིགས་བསལ་གྱི་བྱ་བ་དམིགས་བསལ་ངང་བསྒྲུབས་ནས་ཧེ་ཧྲེ་ཀོའུ་ཡི་གཞུང་ལམ་དེ་གཞི་ནས་ཉིན་རེའི་གྲོས་རིམ་ནང་བཅུག་པས། རི་གྲོང་ཆུང་ངུའི་མི་སེམས་གོང་བུ་གཅིག་ཏུ་འགྲིལ། ལམ་བུ་བཟོ་བར་ས་ཆ་བཟུང་བ་དང་། ཤིང་གཅོད་པ། ཁང་པ་བཤིག་སྤོ་སོགས་བྱེད་དགོས་ཀྱང་ཆ་རྐྱེན་ནན་པོ་འདོན་མཁན་མེད་པར་གྲོང་མི་ཚོས་རང་ཉིད་ཀྱི་དཔལ་འབྱོར་འཁོས་ཀར་གཞིགས་ནས་ཉུང་བས་སྒོར་100དང་མང་བས་སྒོར་1000བཏོན་ཡོད། གྲོང་མི་མང་པོ་ཞིག་གིས་རང་ནུས་འདོན་གང་ཐུབ་བྱེད་པ་མ་ཟད། ད་དུང་བཟའ་བཏུང་ཡང་མཁོ་འདོན་བྱེད་ཀྱི་ཡོད། ལམ་བུ་ཤར་གཏོང་ཐུབ་པའི་ཉིན་མོར་གྲོང་མི་ཚོས་གསོལ་སྟོན་བཤམས་པ་དང་ཤོག་སྦག་སྤར་ནས་ལམ་ཤར་གཏོང་ཐུབ་པར་རྟེན་འབྲེལ་ཞུས་པ་རེད། དངུལ་མཁོ་ཆེ་སར་སྤྱད་དེ་མང་ཚོགས་ཀྱི་ཁྱིམ་གྱི་སྒོ་རྩར་ལམ་བུ་བཟོས་པ་རེད།
         ལོ་འདི་དག་རིང་ཧེ་ཧྲེ་ཀོའུ་རུ་བྱུང་བའི་གཏམ་རྒྱུད་འདི་འདྲ་བ་ས་ཆ་མང་པོར་བྱུང་མྱོང་ཡོད། མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ནས་འབྲེལ་ཡོད་སྡེ་ཚན་དང་ས་གནས་ཁག་གི་ཏང་ཨུད་དང་སྲིད་གཞུང་གིས་མང་ཚོགས་ཀྱིས་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་མང་ཚོགས་ཀྱིས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱས་ཏེ། གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་མི་དམངས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་འགྲོ་སྐྱོད་དཀའ་བའི་གནད་དོན་ཐག་གཅོད་བྱེད་གང་ཐུབ་བྱས་པ་རེད། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་བསྡོམས་རྩིས་བརྒྱབ་པའི་གྲངས་གཞི་ལས་མངོན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། གསར་སྐྲུན་རྒྱས་སྐྲུན་བྱས་པའི་གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ་ཁྲི་125ལྷག་ཙམ་ཟིན་ཏེ་ཤང་གྲོང་406དང་སྒྲིག་གཞི་ཚང་བའི་གྲོང་ཚོ་ཁྲི་6ལ་སྣུམ་ནག་གཞུང་ལམ་ཤར་གཏོང་གི་གནད་དོན་ཐག་གཅོད་ཐུབ་ཡོད། དམངས་ཕན་སྲིད་ཇུས་ཁྱིམ་གྱི་སྒོ་རྩར་དོན་འཁྱོལ་བྱེད་མཁན“ཁོང་ཚོ་ངོ་ཤེས་སམ”ཞེས་བཙན་ལྷ་རྫོང་དབང་ཞིང་གྲོང་རྡལ་བོར་རོམ་གྲོང་ཚོར་གསར་འགོད་པས་ལམ་འགྲམ་དུ་ཡོད་པའི་རྒད་པོ་ཞིག་ལ་དྲིས། རྒད་པོས“ངོ་ཤེས་ཀྱི་ཡོད། གྲོང་རྡལ་གྱི་ལས་བྱེད་པ་རེད། འདི་ཧྲུའུ་ཅི་རེད”ཅེས་མཛུབ་མོ་འཛུགས་བཞིན་བཤད། ཁོང་ཚོ་རྟག་ཏུ་གྲོང་ཚོར་ཡོང་གི་འདུག ང་ཚོ་མཐོང་དུས་ད་དུང་འབྲེལ་འདྲིས་བྱེད་ཀྱི་འདུག བོར་རོམ་གྲོང་ཚོའི་མང་ཚོགས་མང་ཆེ་བ་རི་མཐོའི་སྟེང་གཞིས་ཆགས་ཡོད། སྔོན་ཆད་ལམ་བདེ་པོ་མེད་སྟབས་ལས་བྱེད་པས་འཚམས་འདྲི་བྱེད་པར་འགྲོ་རྒྱུར་དཀའ་ངལ་མི་ཉུང་བ་ཞིག་འཕྲད་ཀྱི་ཡོད། གྲོང་ཚོར་རྐང་ཐང་མར་ཉིན་གཅིག་བསྐྱོད་ཀྱང་དུད་ཚང་ཁ་ཤས་མ་གཏོགས་བསྐྱོད་ཐུབ་ཀྱི་མེད།
         ད་ཆ་སྣུམ་ནག་གཞུང་ལམ་གྲོང་མིའི་ཚོགས་ཆུང་ཚང་མར་ཤར་གཏོང་ཐུབ་ནས་ཁྱིམ་ཚང་ཚང་མ་འབྲེལ་ཡོད། ལས་བྱེད་པ་ཚོས་སྦག་སྦག་བཞོན་པའམ་ཡང་ན་རླངས་འཁོར་བཏང་ནས་བསྐྱོད་ཚེ་མང་ཚོགས་ཁྱིམ་དུ་འཕྲལ་མར་འབྱོར་ཐུབ། “ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་རྗེས་ང་ཚོས‘ཐོག་མའི་བསམ་འདུན་མ་བརྗེད་པར་ལས་བྱེད་པའི་སེམས་པ་གཅིག་ཏུ་སྦྲེལ’ཞེས་པའི་བྱེད་སྒོ་སྤེལ་ཡོད། ཁ་ས་ད་དུང་གྲོང་རྡལ་གྱི་ཞིང་པའི་དགོད་སྤྲོའི་ལུས་རྩལ་འགྲན་ཚོགས་སྐབས་དང་པོ་གཉེར་བ་རེད། ལས་བྱེད་པ་ཚོས་མང་ཚོགས་ལ་ལེ་ཚན་འཁྲབ་སྟོན་བྱས་པས་ཧ་ཅང་འཁྲུག་ཆ་དོད་པོ་འདུག”ཅེས་དབང་ཞིང་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་དབྱང་མིན་གྱིས་ལག་ཐོགས་ཁ་པར་ནས་པར་རིས་བཏོན་ཏེ་ང་ཚོར་བཤད་བྱུང་། གཞི་རིམ་མང་ཚོགས་ལ་འབྲེལ་གཏུག་དང་དམངས་ཕན་སྲིད་ཇུས་དོན་འཁྱོལ་བྱེད་སྐབས་སྟོང་གཏམ་ཤོད་རྒྱུ་མེད། ལམ་ཡོད་མེད་ལ་མ་བལྟོས་པར་ལས་ཀ་སྒྲུབ་དགོས་རུང་ལམ་མེད་ཚེ་མང་ཚོགས་ཀྱི་ཁྱིམ་དུ་བསྐྱོད་མི་ཐུབ་ལ། སྲིད་ཇུས་ཡག་པོ་ག་ཚོད་ཡོད་ཀྱང་དོན་འཁྱོལ་བྱེད་དཀའ་བ་དང་མང་ཚོགས་ཀྱི་སེམས་སུ་ཡང་རྒྱང་ཐག་རིང་དུ་ཕྱིན་པའི་སྣང་བ་ཡོང་སྲིད། གཞི་རིམ་དུ་གནས་སྦྱར་མ་བྱས་ཚེ་ཧྲུའུ་ཁྲེར་མྱོང་བ་ཟབ་མོ་དེ་འདྲ་ཡོང་མི་སྲིད། 2017ལོའི་ལོ་སྨད་དུ་ཁོང་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་རེན་གཞོན་པ་ནས་སི་ཁྲོན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་རུ་གནས་སྦྱར་དུ་བཏང་ནས་ཀྲོའུ་ཨུད་ཀྱི་རྒྱུན་ཨུ་དང་ཀྲོའུ་ཀྲང་གཞོན་པའི་འགན་འཁུར་བ་རེད། ཁོང་གིས“པུའུ་རུ་ལས་ཀ་བྱེད་སྐབས་ཀྱང་གྲོང་གསེབ་ཀྱི་གཞུང་ལམ་གལ་ཆེན་པོ་ཡིན་པ་ཤེས་བྱུང་། གཞི་རིམ་དུ་སླེབས་སྐབས་གཞི་ནས་གལ་འགངས་ཆེན་པོ་ཡིན་པ་ཚོར་བྱུང”ཞེས་བཤད།
         ཧྲུའུ་ཁྲེ་ཡིས་བརྗོད་དོན། གྲོང་གསེབ་ཀྱི་གཞུང་ལམ་བསྐྲུན་པས་ཐག་རིང་ལུང་ཁུག་གི་མང་ཚོགས་ལ་སྔོན་ཆད་ལྟར་ལུང་ཁུག་ཡིན་པའི་སྣང་བ་མེད། “ལམ་ཡོད་པས་ཏང་དང་རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་ཀྱིས་གཞི་ནས་མང་ཚོགས་ལ་དེ་བས་ཕན་པ་ཐོབ་ཐུབ”གཞུང་ལམ་ཤར་གཏོང་ཐུབ་ན་ལས་རིགས་ཀུན་དར་ཐུབ། གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་བས་དམངས་ཕན་སྲིད་ཇུས་གྲོང་ཚོ་དང་དུད་ཚང་དུ་ཁྱབ་པ་དང་སྦྲགས་སྤྱི་པའི་ཞབས་ཞུའི་མ་ལག་ཀྱང་འཐུས་སྒོ་ཚང་དུ་ཕྱིན་ཡོད།
         ཧོ་ནན་ཞིང་ཆེན་ཅི་ཡོན་རྫོང་ཧྲུད་ཧུང་ཁྲེ་གྲོང་ཚོར་འགྱུར་ལྡོག་རླབས་པོ་ཆེ་བྱུང་དོན་ནི་གཞུང་ལམ་གཉིས་ཤར་གཏོང་ཐུབ་པས་རེད། དེ་ཡང་རྒན་ཡོལ་ཞུས་པའི་ཧྲུའུ་ཅི་རྒན་གྲས་མེའོ་ཐན་ཚའེ་ནས་བརྗོད་དགོས། དུས་རབས་གོང་མའི་ལོ་རབས་80པ་ནས་བཟུང་རྫོང་གི་རྒྱབ་སྐྱོར་འོག་མེའོ་ཐན་ཚའེ་ཡིས་གྲོང་ཚོ་ཡོངས་ཀྱི་ཏང་ཡོན་དང་མང་ཚོགས་ཀྱི་སྣེ་ཁྲིད་ནས་ལོ་10ཡི་དཀའ་སྤྱད་ལས་སྒྲུབ་བརྒྱུད་ལམ་ཐག་སྤྱི་ལེ་13.5དང་ཞེང་ཚད་སྨི་4ཡོད་པའི་རི་གྲོང་ནས་ཕྱིར་བསྐྱོད་པའི་གཞུང་ལམ་བསྐྲུན་པ་རེད། དེའི་རྗེས་སུ་ཏང་ཡོན་དང་མང་ཚོགས་ཀྱི་སྣེ་ཁྲིད་ནས་ལོ་3རིང་ཧོ་ནན་དང་ཧྲན་ཤིས་ཞིང་ཆེན་འབྲེལ་མཐུད་བྱེད་པའི་ལམ་བུ་བསྐྲུན་པ་རེད། གཞི་རིམ་གྱི་ཏང་རྩ་འཛུགས་རེ་རེ་དང་ཏང་ཡོན་དཀྱུས་མ་རེ་རེས་མང་ཚོགས་དང་མཉམ་དུ་འགག་སྒྲོལ་དཀའ་སེལ་བྱས་ནས་མང་ཚོགས་ཁྲོད་ཀྱི་ཏང་གི་རྨང་གཞིའི་གནས་བབ་བརྟན་དུ་བཏང་བས་མང་ཚོགས་ལ་བློ་གཏད་བཅོལ་ས་བྱུང་ཡོད། ཧྲན་ཤིས་ཞིང་ཆེན་ལིན་རྫོང་པའེ་ཝེན་གྲོང་རྡལ་གྱིས་ལོ་ཤས་བསྟུད་མར་འཛུགས་སྐྲུན་བྱས་པ་བརྒྱུད་ཕྱོགས་བཞི་མཚམས་བརྒྱད་ལ་ཤར་བགྲོད་ཐུབ་པའི་གྲོང་ཚོའི་གཞུང་ལམ་དྲ་བའི་རྣམ་པ་ཞིག་གྲུབ་ཡོད་པ་རེད། རིམ་ཁག་ཏང་རྩ་འཛུགས་ཀྱིས་སྟབས་བདེ་བའི་འགྲིམ་འགྲུལ་ལ་བརྟེན་ནས་མང་ཚོགས་སྣེ་ཁྲིད་དེ་ཆི་བི་ཁ་དང་། ཤ་མོ། སྟར་ཁ་སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་ནས་དབུལ་སྒྲོལ་ཕྱུག་འགྱུར་བྱེད་རོགས་བྱས་ཏེ་མཉམ་སྡེབ་དཔལ་འབྱོར་གྱི་ཆུ་ཚད་མཐོ་རུ་བཏང་བ་རེད། ལམ་བསྐྲུན་ཟིན་པས་ཁྱད་ལྡན་ཐོན་ཟོག་ཀྱང་ཚུར་ཉོ་བར་ཡོང་མཁན་ཡོད་པ་རེད། ཞིང་དལ་སྐབས་ད་དུང་ཤ་མོའི་རྟེན་གཞིར་ལས་ཀ་བྱེད་པར་འགྲོ་ཐུབ་པས་ང་ཚོ་བཟའ་ཚོར་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་2རག་གི་འདུག འདི་དག་ནི་ཏང་དང་སྲིད་གཞུང་གི་ལམ་བསྐྲུན་རོགས་བྱས་པ་དང་ལས་བྱེད་པ་ཚོས་ཐོན་ལས་གཉེར་རོགས་བྱས་པ་ལས་བྱུང་བ་ཞིག་རེད་ཅེས་ལོ་67ཡིན་པའི་མིའོ་ཕིང་གྲོང་ཚོའི་གྲོང་མི་ཧའོ་ཏུང་ཧའེ་ཡིས་དགའ་སྤྲོའི་ངང་བཤད། བོར་རོམ་གྲོང་ཚོར་ལོ་ན་བགྲེས་པའི་མཱ་ཆོན་ཕང་གིས་སྤྱི་ལེ་1.3གྱི་ལམ་བུ་རང་ཉིད་ཀྱི་ཕྲུ་གུར་གཅེས་སྐྱོང་བྱེད་པ་བཞིན་བདག་སྐྱོང་བྱེད་ཀྱི་ཡོད། ཟླ་རེར་གླ་ཆ་སྒོར་300ལས་མེད་ཀྱང་རྒྱལ་ཁབ་ཀྱིས་ལམ་ཡག་པོ་བསྐྲུན་པས་ང་ཚོས་བདག་སྐྱོང་ཡག་པོ་བྱེད་དགོས། འདི་ལྟར་བྱས་ཚེ་གྲོང་མི་ཚོ་གཞི་ནས་འཚོ་བ་ཡག་པོ་སྐྱེལ་ཐུབ། བཏིང་བ་ནི་ལམ་དང་། བཙུགས་པ་ནི་རྡོ་རིང་། འབྲེལ་བ་ནི་སེམས། ཤར་བགྲོད་ཐུབ་པ་ནི་ཕྱུག་འགྱུར་རེད།
      

    ཕྱོགས་བསྡུས་གསར་འགྱུར།