འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཐག་རིང་ཤོས་ཀྱི་ས་ཆ་ནས་ཕ་ཡུལ་འཚོལ་བ། 

    ལི་ཅུན། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་11ཉིན། 14:57】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ལོ་རྒྱུས་ཐོག་དར་གོས་ལམ་བུ་ཞེས་པའི་མིང་ཚིག་འདི་ནུབ་ཕྱོགས་དང་ཀྲུང་གོའི་དབར་གྱི་ས་ཁམས་འགྲིམ་འགྲུལ་མཚོན་པ་བྱེད་པར་སྤྱོད་པ་དང་ལྷག་དོན་དུ་ཧན་རྒྱལ་རབས་སྐབས་ཀྲུང་གོ་དང་རོ་མ་བཙན་རྒྱལ་དབར་དར་གོས་ཚོང་དོན་གྱི་ཤར་ནུབ་འབྲེལ་བའི་ལམ་བུ་ཞིག་ཏུ་བརྗོད་ཀྱི་ཡོད། དེ་ནི་ཁྲང་ཨན་ནས་རོ་མ་བར་གྱི་འགྲོ་ལམ་ཞིག་ཡིན་པར་བརྟེན་རོ་མ་དང་དར་གོས་ལམ་བུ་དང་དེ་བཞིན་ཀྲུང་གོའི་དབར་ལས་འཕྲོའི་མདུད་པས་དམ་དུ་བཅིངས་ཡོད།
         ལོ་གསར་པ་ཤར་མ་ཐག། “ཐག་རིང་ཤོས་ཀྱི་ས་ཆ་ནས་ཕ་ཡུལ་འཚོལ་བ། དུས་རབས་13པ་ནས་16བར་གྱི་དབྱི་ཐ་ལི་དང་ཀྲུང་གོའི་དབར་རིག་གནས་ལས་འདས་པའི་སྤེལ་རེས”འགྲེམས་སྟོན་ཧུའུ་ནན་ཞིང་ཆེན་རྟེན་རྫས་བཤམས་མཛོད་ཁང་དུ་གཉེར་ཞིང་། དེ་ནི་དར་གོས་ལམ་བུའི་ཞིབ་འཇུག་ལ་ཐོག་མའི་བསམ་འདུན་མ་བརྗེད་པར་ཚོད་ལྟ་བྱས་པ་ཞིག་རེད།
    དུས་རབས་13པ་ནས་16བར། རིག་རྩལ་བསྐྱར་དར་ནི་གནའ་བོའི་དར་གོས་ལམ་གྱི་གཏམ་རྒྱུད་ཅིག་ཀྱང་ཡིན་པ།
         དུས་རབས་13པ་ནས་16བར་ནི་འཛམ་གླིང་ཐོག་ཧ་ཅང་དམིགས་བསལ་ཆེ་བའི་དུས་སྐབས་ཤིག་ཡིན། དེ་ནི་ཡོན་རྒྱལ་རབས་ཀྱིས་གསར་དུ་བཏོད་ནས་ཡོ་རོབ་དང་ཨེ་ཤེ་ཡར་ཁྱབ་པའི་བཙན་རྒྱལ་ཆེན་པོ་དར་རྒྱས་དང་ཉམས་རྒུད་དུ་སོང་སྟེ་ཀྲུང་གོར་ཡོན་དང་མིང་རྒྱལ་རབས་བརྗེ་རེས་བྱེད་པའི་དུས་སྐབས་ཤིག་ཡིན་ལ་ནུབ་ཕྱོགས་ཀྱི་ལོ་རྒྱུས་ཐོག་གྲགས་པ་ཆེ་བའི་རིག་རྩལ་བསྐྱར་དར་དང་ས་ཁམས་ཤེས་རྟོགས་ཆེ་མོའི་དུས་སྐབས་ཤིག་ཀྱང་ཡིན་པ་མ་ཟད་མིང་རྒྱལ་རབས་དུས་མཇུག་གི་ཀྲུང་གོ་དང་ནུབ་ཕྱོགས་དབར་གྱི་རིག་གནས་སྤེལ་རེས་ཆེ་མོའི་དུས་སྐབས་ཤིག་དེ་བས་ཀྱང་ཡིན།
         དུས་རབས་13པ་ནས་བཟུང་འགོ་ཚུགས་པའི་ཡོ་རོབ་དང་ཨེ་ཤེ་ཡའི་འཛམ་གླིང་མ་ལག་ལ་འཛམ་གླིང་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད། དེས་དུས་ཡུན་རིང་པོའི་ནང་དར་ཁྱབ་ཆེ་བའི་ནུབ་ཕྱོགས་ལྟེ་བའི་རིང་ལུགས་ཀྱི་ལྷ་སྒྲུང་རྩ་གཏོར་དུ་བཏང་བ་མ་ཟད་དུས་རབས་15པའི་ནུབ་ཕྱོགས་ཀྱི་རིག་རྩལ་བསྐྱར་དར་ལ་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད། ཉེ་བའི་ལོ་20ཙམ་གྱི་རིང་། དབྱི་ཐ་ལིའི་རིག་རྩལ་བསྐྱར་དར་དེ་ཉིད་ཀེ་རི་སེའི་རོ་མའི་གནའ་རབས་རིག་གནས་ཀྱི་བསྐྱར་དར་ལས་བྱུང་བའི་ངོས་འཛིན་བྱེད་པ་དང་ཆབས་ཅིག་དེང་སྐབས་ཤེས་དཔལ་གྱི་དུས་རབས་གསར་པ་གཏོད་པའི་སྲོལ་རྒྱུན་གྱི་ལྟ་བར་འཕྲད་པའི་རྒྱལ་སྤྱིའི་རིག་གཞུང་ལས་རིགས་ཀྱི་དཔང་རྟགས་གསར་པ་དང་ཞིབ་འཇུག་གསར་པའི་འགྲན་སློང་ཉིན་རེ་བཞིན་མང་དུ་འགྲོ་བཞིན་ཡོད། ད་ཐེངས་ཀྱི་འགྲེམས་སྟོན་གྱིས་གོ་ལ་ཧྲིལ་པོའི་རྟེན་རྫས་བཤམས་མཛོད་ཁང་50ནས་རིག་དངོས་དང་སྒྱུ་རྩལ་དངོས་རྫས་250ལྷག་ཙམ་བསྡུ་རུབ་བྱས་ཏེ་དཔང་རྟགས་ཀྱི་སྦྲེལ་ཐག་ཧ་ཅང་ཚགས་ཚུད་པོ་ཞིག་ངོམས་པ་དེ་ཐོག་ནས་གོ་ལ་ཧྲིལ་པོའི་རིག་གཞུང་ལས་རིགས་ཀྱི་བསམ་རྒྱུན་གསར་པ་དེ་མཚོན་པ་མ་ཟད་འཛམ་གླིང་རིག་གནས་ཀྱི་གར་སྟེགས་ཐོག་ཀྲུང་གོས་བཀྲག་མདངས་འཚེར་བའི་ངང་ལངས་པའང་མཚོན་ཡོད།
         མ་ཁེ་པོ་ལོ། ཁོང་དངོས་གནས་ཀྲུང་གོར་སླེབས་མྱོང་ཡོད་དམ།
         དབྱི་ཐ་ལིའི་ཚོང་པ་མ་ཁེ་པོ་ལོ་ཀྲུང་གོར་སླེབས་མྱོང་ཡོད་དམ། ཁོང་གི་སྐད་གྲགས་ཡོད་པའི་《མ་ཁེ་པོ་ལོའི་ཡུལ་སྐོར་ཟིན་ཐོ་》ལ་ཡིད་ཆེས་བྱེད་ཆོག་གམ། དུས་རབས་13པ་ནས་21བར་རྙོག་འཛིང་ཆེ་བའི་གྲོས་གཞི་དེར་དམིགས་པའི་རྩོད་གླེང་མཚམས་ཆད་མྱོང་མེད།
         འགྲེམས་སྟོན་གྱིས་རང་ཉིད་ཀྱི་དམིགས་བསལ་བྱ་ཐབས་ཐོག་ནས་རྙོག་འཛིང་ཆེ་བའི་གྲོས་གཞི་དེ་ཐག་གཅོད་བྱ་ཆེད་ལེགས་སྐྱེས་འབུལ་རྩིས་ཡོད། ཕྱོགས་གཅིག་ནས་འགྲེམས་སྟོན་ནང་འཛམ་གླིང་ཡོངས་སུ་མ་ཁེ་པོ་ལོའི་ཡིག་ཚགས་ཀྱི་མ་ཡིག་བཅོས་མིན་དང་འདྲ་བཟོ་དངོས་རྫས་གལ་ཆེན་འདུས་ཡོད་པའི་ནང་མ་ཁེ་པོ་ལོའི་ཁ་ཆེམས་ཡི་གེ་དང་ཁོ་པའི་རྒྱུ་ནོར་ཤུལ་བཞག་གསལ་ཐོ་དང་དེ་བཞིན་ཁོ་པའི་ཨ་ཁུ་མཱ་ཧྥེ་ཨའོ་ཡི་ཁ་ཆེམས་ཡི་གེ་དང་། ངག་རྒྱུན་དུ་ཡོད་པའི་མ་ཁེ་པོ་ལོའི་རྫ་སྣོད་དང་《དམ་པའི་གསུང་རབ་》དེ་བཞིན་སྔ་དུས་ཀྱི་《མ་ཁེ་པོ་ལོའི་ཡུལ་སྐོར་ཟིན་ཐོའི་》དཔར་མ་སྣ་ཚོགས་དཔེར་ན། ཧྥ་རན་སེའི་རྒྱལ་ཁབ་དཔེ་མཛོད་ཁང་དུ་ཉར་ཚགས་བྱས་པའི་དུས་རབས་15པའི་《མ་ཁེ་པོ་ལོའི་ཡུལ་སྐོར་ཟིན་ཐོའི་》བར་འཇུག་རི་མོའི་དཔར་མ་དང་དུས་རབས་16པའི་འབུར་ཤིང་དཔར་མ་ལ་སོགས་དེ་དག་ཚང་མ་ནི་ཀྲུང་གོར་འགྲེམས་སྟོན་བྱེད་ཐེངས་དང་པོ་ཡིན་པ་རེད།
         མ་ཁེ་པོ་ལོ་ཀྲུང་གོར་ཡོང་མྱོང་ཡོད་མེད་ལ་ཚིག་ཐག་ཆོད་པའི་ལན་ཞིག་འདེབས་རྒྱུ་མེད་ནའང་སྐབས་དེ་དུས་ཀྲུང་གོ་དང་དབྱི་ཐ་ལིའི་དབར་རིག་གནས་ལས་འདས་པའི་སྤེལ་རེས་ཡང་སེ་བྱེད་པ་ནི་ཟུབ་ཐབས་མེད་པའི་དོན་དངོས་ཤིག་རེད། 《མ་ཁེ་པོ་ལོའི་ཡུལ་སྐོར་ཟིན་ཐོར་》གཞིགས་ན། ཉི་ཁོ་ལོ་དང་མཱ་ཧྥེ་ཨའོ་པོ་ལོ་ཡོ་རོབ་ཏུ་ཐེངས་དང་པོ་ལོག་སྐབས་ཧུ་པེ་ལེ་ཧན་གྱིས་ཁོང་ཚོ་ཡོང་ཐེངས་རྗེས་མར་དཔའ་རྩལ་བདུན་ལྡན་གྱི་ནུབ་ཕྱོགས་བ་100འཁྲིད་ནས་ཁོ་པར་རྒྱལ་སྲིད་སྐྱོང་རོགས་ཀྱི་རེ་བ་བཅངས་ཀྱང་འགྲུབ་མེད། ཡིན་ནའང་མ་ཁེ་པོ་ལོའི་དུས་སྐབས་སུ་དབྱི་ཐ་ལི་དང་ཀྲུང་གོའི་དབར་འགྲོ་འོང་བྱེད་མཁན་ཆོས་སྤེལ་མཁན་དང་ཚོང་པའི་མི་འབོར་བརྒྱ་ལས་མི་ཉུང་བ་ཡོད་ངེས། ད་ཐེངས་ཀྱི་འགྲེམས་སྟོན་ནང་ཀྲུང་གོར་ཡོང་མྱོང་བའི་དབྱི་ཐ་ལིའི་མི་སྣའི་མིང་ཐོ་ཞིག་བཏོན་པ་དང་། མིང་ཁོ་ནར་བལྟས་ནའང་ཁུངས་འཚོལ་ར་སྤྲོད་བྱེད་ཆོག་པའི་མི་ཉི་ཤུ་ལྷག་ཡོད་པ་རེད།
         མ་ཁེ་པོ་ལོའི་རྒྱབ་ཏུ་ཁོ་པའི་སྤུན་ཟླ་གྲངས་ལས་འདས་པ་ཡོད་པར་བརྟེན་ཁོ་པ་རང་ཉིད་ཀྲུང་གོར་ཡོང་མ་མྱོང་ནའང་སྤུན་ཟླ་དེ་དག་གིས་སྔར་བཞིན་ཁུངས་འཚོལ་ར་སྤྲོད་བྱ་རྒྱུར་འགོག་རྐྱེན་ཐེབས་ཀྱི་མེད།
      

    ཕྱོགས་བསྡུས་གསར་འགྱུར།