འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་དགུང་སྔོན་སྲུང་སྐྱོང་དམག་འཐབ་ལ་རྒྱལ་ཁ་ལེན་པའི་ལོ་གསུམ་གྱི་འཆར་གཞི་
    བཟོ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་05ཉིན། 11:11】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། འདི་ལོ་རང་རྒྱལ་གྱིས་དགུང་སྔོན་སྲུང་སྐྱོང་གི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་ལོ་གསུམ་གྱི་འཆར་གཞི་བཟོས་ནས་ལག་ལེན་བསྟར་རྒྱུ་དང་། ད་དུང་པེ་ཅིང་དང་། ཐེན་ཅིན། ཧོ་པེ། དེ་བཞིན་ཉེ་འཁོར་ས་ཁུལ། འབྲི་ཆུའི་ཟུར་གསུམ་ཁུལ། ཕེན་ཝའེ་ཐང་གཤོངས་སོགས་གཙོ་གནད་ཁུལ་ཁོངས་ཀྱི་རླུང་ཁམས་སྦགས་བཙོག་འགོག་བཅོས་ཀྱི་ལག་བསྟར་ཇུས་གཞི་འདོན་རྒྱུ་ཡིན་པ་རེད།
         ཚེས་2དང་3ཉིན་པེ་ཅིང་དུ་འཚོགས་པའི་2018ལོའི་རྒྱལ་ཡོངས་ཁོར་ཡུག་སྲུང་སྐྱོང་ལས་དོན་ཚོགས་འདུའི་ཐོག་ཁོར་ཡུག་སྲུང་སྐྱོང་པུའུ་ཡི་པུའུ་ཀྲང་ལི་ཀན་ཅེ་ཡིས་གནས་ཚུལ་དེ་ངོ་སྤྲོད་གནང་བ་རེད། ཁོང་གིས་2020ལོར་སླེབས་སྐབས་རྒྱལ་ཡོངས་ཀྱི་ཚད་གཞི་མ་ལོན་པའི་གྲོང་ཁྱེར་གྱི་PM2.5ཆ་སྙོམས་སྟུག་ཚད་2015ལོ་ལས་18%ཆག་རྒྱུ་ཡིན་པ་དང་ས་ཁུལ་རིམ་པ་དང་། དེ་ཡན་གྱིགྲོང་ཁྱེར་གྱི་མཁའ་རླུང་བཟང་བའི་ཉིན་གྲངས་ཀྱི་བསྡུར་ཚད་80%ཟིན་རྒྱུ་རེད། འདི་ཡང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ནང་བཏོན་པའི་འཆུན་འདོམས་རང་བཞིན་གྱི་དམིགས་ཚད་ཅིག་རེད་ཅེས་གསུངས།
         2017ལོར་རང་རྒྱལ་གྱིས“རླུང་ཁམས་བྱ་ཐབས་བཅུ”ཡི་དམིགས་ཚད་བདེ་བླག་ངང་བསྒྲུབས་ཡོད། ཡིན་ནའང་རང་རྒྱལ་གྱི་མཁའ་རླུང་སྦགས་བཙོག་སྔར་རྒྱུན་བཞིན་ཚབས་ཆེན་པོ་ཡོད་ཅིང་། རྒྱལ་ཡོངས་ཀྱི་ས་ཁུལ་རིམ་པ་དང་དེ་ཡན་གྱི་གྲོང་ཁྱེར་338ལས་ཁོར་ཡུག་དང་མཁའ་རླུང་སྤུས་ཚད་ཀྱི་ཚད་གཞི་ལོན་ཚད་29%ལས་བཟུང་གི་མེད།
         གསར་འགོད་པར་ཤེས་རྟོགས་བྱུང་བར། ཀྲུའུ་ཅང་ཟུར་གསུམ་ཁུལ་གྱི་PM2.5ཡི་ཆ་སྙོམས་སྟུག་ཚད་ལོ་གསུམ་བསྟུད་མར་ཚད་གཞི་ལོན་ཡོད། ཕྱིས་འབྱུང་ལོ་གསུམ་རིང་དགུང་སྔོན་སྲུང་སྐྱོང་དམག་འཐབ་ཀྱི་གཡུལ་ས་གཙོ་བོའི་གཙོ་གནད་ཁུལ་ཁོངས་པེ་ཅིང་དང་། ཐེན་ཅིན། ཧོ་པེ། དེ་བཞིན་ཉེ་འཁོར་ས་ཁུལ་དང་། འབྲི་ཆུའི་ཟུར་གསུམ་ཁུལ། ཕེན་ཝའེ་ཐང་གཤོངས་སོགས་ཡིན་པ་དང་། ཀྲུའུ་ཅང་གཙང་པོའི་ཟུར་གསུམ་ཁུལ་ཁྱབ་ཁོངས་དེར་ཚུད་མེད།
         ལི་ཀན་ཅེ་ཡིས་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པའི་གཙོ་བོའི་གཙོ་བོ་ནི་དགུང་སྔོན་སྲུང་སྐྱོང་གི་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུ་དེ་ཡིན་ཞིང་། PM2.5སྟུག་ཚད་སྔར་བས་མངོན་གསལ་དོད་པོས་དམའ་རུ་གཏོང་བ་དང་། སྦགས་བཙོག་ཤུགས་ཆེ་བའི་ཉིན་གྲངས་མངོན་གསལ་དོད་པོས་ཉུང་དུ་གཏོང་བ། རླུང་ཁམས་དང་ཁོར་ཡུག་གི་སྤུས་ཚད་མངོན་གསལ་དོད་པོས་ལེགས་སུ་གཏོང་བ་བཅས་བྱས་ཏེ་མི་དམངས་ཚོར་མཁའ་རླུང་གཙང་མ་ལས་བྱུང་བའི་བདེ་སྐྱིད་ཚོར་སེམས་མཐོ་རུ་གཏོང་དགོས་ཞེས་གསུངས།
         ཐོན་ལས་དང་། ནུས་རྒྱུ། སྐྱེལ་འདྲེན་བཅས་གྲུབ་ཆ་ཆེན་པོ་གསུམ་ལེགས་སྒྲིག་བྱེད་པའི་ཐད། འདི་ལོ་རང་རྒྱལ་གྱིས་བྱང་ཕྱོགས་ས་ཁུལ་གྱི་ནུས་རྒྱུ་གཙང་མའི་དྲོད་ལེན་ལས་དོན་བརྟན་པོའི་སྒོ་ནས་ཁྱབ་གདལ་གཏོང་བ་དང་སོལ་ཐབ་རིམ་བཞིན་མེད་པར་བཟོ་བ་དང་སྦྲགས་སོལ་རླངས་བྱུང་ཐབ་ཀྱི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་སྤེལ་རྒྱུ་རེད། གཞུང་ལམ་སྐྱེལ་འདྲེན་ཉུང་དུ་གཏོང་རྒྱུ་དང་ལྕགས་ལམ་ཟོག་འདྲེན་བསྡུར་ཚད་མཐོ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་། ཁྲའེ་ཡིའུ་སྣུམ་སྤྱོད་ཟོག་འཁོར་གྱི་ཚད་ལས་བརྒལ་བའི་སྦགས་བཙོག་འབུད་གཏོང་ལ་བཅོས་སྒྲིག་བྱ་རྒྱུ་རེད། རྡོ་སོལ་གློག་ཁང་གི་སྦགས་བཙོག་འབུད་གཏོང་ཆེས་ཆེར་ཉུང་དུ་དང་ལེགས་བཅོས་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་། ངར་ལྕགས་ལས་རིགས་ཀྱི་སྦགས་བཙོག་འབུད་གཏོང་ཆེས་ཆེར་ཉུང་དུ་དང་ལེགས་བཅོས་བྱེད་འགོ་འཛུགས་པ། གཙོ་གནད་ལས་རིགས་ཀྱི་སྐྱེ་ལྡན་དངོས་པོ་འབུད་གཏོང་བཅོས་སྒྲིག་ལ་ཤུགས་སྣོན་རྒྱག་པ། “བཙོག་ཟིང་ཞན་གསུམ”ཁེ་ལས་དང་ཚོགས་སྤྱི་ཚང་མར་ཕྱོགས་ཡོངས་ནས་གྲལ་བཤེར་བཅོས་སྒྲིག་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།