འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།འདི་ལོར་རྫོང་རིམ་པ་དང་དེ་ཡན་གྱི་གྲོང་ཁྱེར་ཚང་མས་འཐུང་ཆུའི་བདེ་འཇགས་གནས་ཚུལ་
    ཡོངས་བསྒྲགས་བྱེད་དགོས་པའི་བླང་བྱ་བཏོན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་05ཉིན། 11:11】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཁོར་ཡུག་སྲུང་སྐྱོང་པུའི་པུའུ་ཀྲང་ལི་ཀན་ཅེས་ཚེས་2ཉིན་དང་ཚེས་3ཉིན་འཚོགས་པའི་2018ལོའི་རྒྱལ་ཡོངས་ཁོར་ཡུག་སྲུང་སྐྱོང་ལས་དོན་ཚོགས་འདུའི་ཐོག་འདི་ལོའི་འཐུང་ཆུའི་ཆུ་འགོ་བཅོས་སྒྲིག་ལས་དོན་ནི་ཆུ་སྦགས་བཙོག་འགོག་བཅོས་ཀྱི་གཙོ་གནད་ལས་དོན་གྱི་གྲས་ཤིག་ཡིན་པ་དང་རྫོང་རིམ་པ་དང་དེ་ཡན་གྱི་གྲོང་ཁྱེར་གྱིས་སྤྱི་ཚོགས་ལ་འཐུང་ཆུའི་བདེ་འཇགས་ཀྱི་གནས་ཚུལ་ཆ་འཕྲིན་ཡོངས་བསྒྲགས་བྱེད་དགོས་ཞེས་གསུངས།
        ཁོང་གིས་འདས་ཟིན་པའི་ལོ་ལྔའི་རིང་རྒྱལ་ཡོངས་ཀྱི་ས་ངོས་ཀྱི་ཆུའི་སྤུས་ཚད་བཟང་བའི་བཅད་ཁའི་བསྡུར་ཚད་ཟམ་མི་ཆད་པར་འཕར་བ་དང་ཆུའི་སྤུས་ཚད་ཅུང་ཞན་པའི་Vརིགས་ཀྱི་ཆུའི་བཅད་ཁའི་བསྡུར་ཚད་མུ་མཐུད་ཆག་ནས་གཙང་པོ་དང་ཆུ་བོ་ཆེན་པོའི་ཆུ་སྤུས་རིམ་གྱིས་ལེགས་སུ་ཕྱིན་ཡོད། 2017ལོའི་ལོ་མཇུག་བར་97.7%གྱི་ས་ཁུལ་རིམ་པ་དང་དེ་ཡན་གྱི་གྲོང་ཁྱེར་གྱི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོར་སྲུང་སྐྱོང་ཁུལ་གྱི་མཚོན་རྟགས་བཙུགས་ཟིན་པ་དང་། 93%གྱི་ཞིང་ཆེན་རིམ་པ་དང་དེ་ཡན་གྱི་བཟོ་ལས་གཅིག་སྡུད་ཁུལ་དུ་བཙོག་ཆུ་གཙང་གསིང་སྒྲིག་བཀོད་བསྐྲུན་པ་དང་གྲོང་ཚོ་ཁྲི་2.8ཀྱི་ཁོར་ཡུག་བཅོས་སྒྲིག་ལས་དོན་ལེགས་གྲུབ་བྱས་ཡོད། འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་ས་ཁུལ་རིམ་པ་དང་དེ་ཡན་གྱི་གྲོང་ཁྱེར་གྱི་འཐུང་ཆུའི་ཆུ་འགོའི་ཁོར་ཡུག་སྲུང་སྐྱོང་གི་ཁྲིམས་འཛིན་བྱ་སྤྱོད་ལས་ཤེས་རྟོགས་བྱུང་བའི་ཁོར་ཡུག་གི་གནད་དོན་490ཚང་མ་གཙང་སེལ་བཅོས་སྒྲིག་ཐུབ་ཡོད་ཅེས་ངོ་སྤྲོད་གནང་བ་རེད།
         ཁོང་གིས་2020ལོར་སླེབས་སྐབས་རྒྱལ་ཡོངས་ཀྱི་ས་ངོས་ཀྱི་ཆུའི་ཚད་གཞི་ལོན་པའམ་IIIརིགས་ཀྱི་སྤུས་ཚད་ལས་ལེགས་པའི་བསྡུར་ཚད་དེ་70%ཡན་ཟིན་རྒྱུའི་དམིགས་ཚད་མངོན་འགྱུར་བྱ་ཆེད། འདི་ལོ་རང་རྒྱལ་གྱིས་ཆུའི་ཁོར་ཡུག་གི་གནད་དོན་མངོན་གསལ་དོད་པ་དང“ཆུའི་སྦགས་བཙོག་འགོག་བཅོས་ཀྱི་གནད་དོན་བཅུ”ཡི་དོན་འཁྱོལ་མི་འདང་བའི་ས་ཁུལ་དུ་ཆེད་དོན་ལྟ་སྐུལ་མཛུབ་ཁྲིད་བྱས་ཏེ་དྲི་ངད་འཐུལ་བའི་བཙོག་ཆུ་དང་འཐུང་ཆུའི་ཆུ་འགོ་བཅོས་སྒྲིག་བྱ་རྒྱུ་རེད་ཅེས་གསུངས།
         འདི་ལོ་ཁོར་ཡུག་སྲུང་སྐྱོང་སྡེ་ཚན་གྱིས་སྡོད་ཁང་འཛུགས་སྐྲུན་སྡེ་ཚན་ལ་གཞོགས་འདེགས་བྱས་ཏེ་གཙོ་གནད་གྲོང་ཁྱེར་36དང་འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་དྲི་ངད་འཐུལ་བའི་བཙོག་ཆུ་བཅོས་སྒྲིག་བྱ་རྒྱུའི་ལས་དོན་ལ་སྐུལ་འདེད་བཏང་སྟེ་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁོར་ཡུག་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་མགྱོགས་མྱུར་གསབ་རྒྱུ་དང་ས་ཁུལ་རིམ་པ་དང་དེ་ཡན་གྱི་གྲོང་ཁྱེར་གྱི་ས་ངོས་ཀྱི་ཆུ་དང་འཐུང་ཆུའི་ཆུ་འགོ་གཙང་སེལ་བཅོས་སྒྲིག་དང་འབྲེལ་རྫོང་རིམ་པ་དང་དེ་ཡན་གྱི་གྲོང་ཁྱེར་ཚང་མས་སྤྱི་ཚོགས་ལ་འཐུང་ཆུའི་བདེ་འཇགས་གནས་ཚུལ་གྱི་ཆ་འཕྲིན་ཡོངས་བསྒྲགས་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།