འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་འབྲེལ་པུས་ཀྲུང་དབྱིན་གྱིས"རྒྱུད་གཅིག་ལམ་གཅིག"གི་སྒྲོམ་གཞིའི་འོག་མཉམ་ལས་ལ་
    ཤུགས་སྣོན་རྒྱག་པའི་མི་མངོན་པའི་ནུས་པ་ཆེན་པོ་ཡོད་ཅེས་བརྗོད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་01ཉིན། 14:04】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་ཚེས་30ཉིན་མི་རིང་བར་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཐེ་ལུའེ་ཧྲ་·མའེ་ཀྲུང་གོར་འཚམས་འདྲིར་ཕེབས་རྒྱུའི་སྐོར་གྱི་དྲི་བར་ལན་འདེབས་སྐབས་ཀྲུང་དབྱིན་གྱིས“རྒྱུད་གཅིག་ལམ་གཅིག”གི་སྒྲོམ་གཞིའི་འོག་དངོས་སྒྲུབ་མཉམ་ལས་ལ་ཤུགས་སྣོན་རྒྱག་པའི་མི་མངོན་པའི་ནུས་པ་ཧ་ཅང་ཆེ་བ་དང་མདུན་ལམ་རྒྱ་ཆེན་པོ་ཡོད་པས་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པ་ཐོབ་རྒྱུ་མ་ཟད། ད་དུང་འཛམ་གླིང་གི་དཔལ་འབྱོར་རྒྱུན་མཐུད་ངང་སླར་གསོ་ཡོང་རྒྱུར་ཡང་ཕན་པ་ཡོད་ཅེས་བརྗོད་པ་རེད།
         གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་ཧྭ་ཁྲུན་ཡིང་གིས། མིག་སྔར། ཀྲུང་དབྱིན་གྱི་འབྲེལ་བ་ཡག་པོ་ཡོད་པ་དང་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་འཕྲད་ཡོད། “རྒྱུད་གཅིག་ལམ་གཅིག”ནི་ཀྲུང་དབྱིན་ཕྱོགས་གཉིས་ཀྱིས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་མཉམ་ལས་ཧུར་ཐག་བྱེད་པ་མ་ཟད་ད་དུང་གཉིས་ཁེ་གཉིས་ཕན་ཡོང་བ་བྱེད་པའི་ཁྱབ་ཁོངས་གལ་ཆེན་ཞིག་ཡིན། ཀྲུང་དབྱིན་ཕྱོགས་གཉིས་ཀྱི་སྲིད་གཞུང་དང་ཁྲོམ་རའི་སྒྲིག་གཞི་ཚང་མར“རྒྱུད་གཅིག་ལམ་གཅིག”གི་སྒྲོམ་གཞིའི་འོག་མཉམ་ལས་ཀྱི་གོ་སྐབས་དེ་བས་མང་བ་སྔོག་འདོན་དང་འཕེལ་རྒྱས་ཀྱི་མདུན་ལམ་དེ་བས་རྒྱ་ཆེ་རུ་གཏོང་རྒྱུའི་འདུན་པ་ཡོད་ཅེས་བརྗོད་ཡོད།
         ཁོང་གིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་ནི་སྒོ་དབྱེ་བསྟུན་མཁས་ཀྱི་མཉམ་ལས་ལས་སྟེགས་ཞིག་ཡིན་པ་དང་དགའ་བསུ་རྒྱ་ཁྱབ་ཐོབ་པའི་རྒྱལ་སྤྱིའི་མཉམ་ལས་ཀྱི་ལས་སྟེགས་གལ་ཆེན་ཞིག་ཏུ་གྱུར་ཡོད། དབྱིན་ཇི་སྲིད་གཞུང་དང་དབུ་བཞུགས་བློན་ཆེན་མའེ་ཡིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོར་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་ཐེངས་མང་བསྟན་ཡོད། ན་ནིང་ཟླ་5པར་ཆེད་མངགས་ཕོ་ཉ་ནོར་སྲིད་བློན་ཆེན་ཧཱ་མེང་ཏེ་མངགས་ནས“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་ཀྱི་མཐོ་རིམ་གླེང་སྟེགས་ལ་ཞུགས་ཡོད་ཅེས་བརྗོད།
         ཧྭ་ཁྲུན་ཡིང་གིས། མིག་སྔར་ཀྲུང་དབྱིན་ཕྱོགས་གཉིས་པོས་དབུ་བཞུགས་བློན་ཆེན་མའེ་ཀྲུང་གོར་འཚམས་འདྲིར་ཕེབས་རྒྱུའི་བཀོད་སྒྲིག་དང་གྲུབ་འབྲས་ལ་མཐའ་མའི་གྲ་སྒྲིག་དང་མཐུན་སྦྱོར་དམ་ཟབ་ཧུར་ཐག་བྱེད་བཞིན་ཡོད། དབུ་བཞུགས་བློན་ཆེན་མའེ་ཡི་ད་རེས་ཀྱི་འཚམས་འདྲིས་ཀྲུང་དབྱིན་འབྲེལ་བའི“དུས་སྐབས་ཡག་ཤོས”གཏིང་ཟབ་ཕྱོགས་སུ་རྒྱུན་མཐུད་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཐེབས་རྒྱུ་རེད་ལ། ཀྲུང་གོ་དང་། ཡོ་རོབ། ནུབ་ཕྱོགས་བཅས་དབར་གྱི་མཉམ་ལས་སྐས་རིམ་གསར་པར་སླེབས་རྒྱུར་ཡང་སྐུལ་འདེད་ཐེབས་རྒྱུ་རེད་ཅེས་བརྗོད།
         ཀྲུང་གོར་བཅའ་སྡོད་དབྱིན་ཇིའི་གཞུང་ཚབ་ཆེ་མོ་བ་ཝུའུ་པའེ་ནཱ་ཡིས་ཉེ་ཆར་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་བྱེད་སྐབས་དབྱིན་ཇི་ནི་ཀྲུང་གོས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་བྱེད་པའི་ཁྲོད་ཀྱི་ལྷུན་གྱིས་གྲུབ་པའི་མཉམ་ལས་རོགས་ཟླ་ཞིག་ཡིན་པས། དབྱིན་ཀྲུང་གིས་དེའི་ཐད་མཉམ་ལས་དམ་ཟབ་རྒྱུན་འཁྱོངས་བྱ་རྒྱུ་རེད་ཅེས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།