འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷ་ས་གྲོང་ཁྱེར་གྱིས་འབྲི་གཡག་རྒྱགས་གསོའི་ལས་དོན་ཁག་ལ་སྐུལ་འདེད་ཧུར་ཐག་བཏང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་18ཉིན། 12:18】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་བོད་ལྗོངས་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། “ད་དུང་ཟླ་གཅིག་སོང་ན་བོད་ཀྱི་ལོ་གསར་འཆར་རྒྱུ་རེད། སྤུས་ལེགས་ཀྱི་ཚགས་ཤར་རིན་གོང་མཐོ་པོ་དེ་ལྟ་བུ་རག་པར་རང་ཉིད་ཧ་ཅང་དགའ་པོ་བྱུང”ཞོགས་པ་སྔ་པོ་ནས་གྲོང་མི་བསོད་ནམས་སྒྲོལ་མ་ལྷ་ས་གྲོང་ཁྱེར་དམངས་ཕན་ཞབས་ཞུ་ལྟེ་གནས་སུ་བསྐྱོད་དེ་འདམ་གཞུང་རྫོང་གི“ཐོབ་ཐང་ལག་ཁྱེར”ཡོད་པའི་ཚགས་ཤ་རྒྱ་མ་200ཉོས།
         འབྲོག་པའི་ཚགས་ཤ་བྲིན་ཚོང་བྱེད་དཀའ་བ་དང་། གྲོང་མི་ཚོ་ཚགས་ཤ་ཉོ་དཀའ་བ། ཤ་རིན་མཐོ་བ་བཅས་ཀྱི་གནད་དོན་ཐག་གཅོད་བྱ་ཆེད། ཉེ་ཆར་ལྷ་ས་གྲོང་ཁྱེར་གྱིས་འདམ་གཞུང་དང་། ལྷུན་གྲུབ། མལ་གྲོ་གུང་དཀར། སྟག་རྩེ། ཆུ་ཤུར། སྙེ་མོ་སོགས་རྫོང་ནས་སྤུས་ལེགས་ཀྱི་ཚགས་ཤ་རྒྱ་མ་ཁྲི་5.1གཏོང་འདྲེན་བྱས་ཏེ་རིན་གོང་དམའ་པོ་བྱས་ནས་བྲིན་ཚོང་བྱེད་པའི་བྱེད་སྟངས་སྤྱད་དེ་མང་ཚོགས་ལ་ཕན་པ་བཏོད་ཡོད་པ་རེད།
         འདམ་གཞུང་རྫོང་གི“ཐོབ་ཐང་ལག་ཁྱེར”ཡོད་པའི་ཚགས་ཤའི་ཐོན་ཁུངས་ནི་འདམ་གཞུང་རྫོང་ལུང་རིང་ཤང་ཀོ་ཁྱིམ་གྲོང་ཚོའི་འབྲི་གཡག་རྒྱགས་གསོ་མཉམ་ལས་ཁང་དང་། ལུང་རིང་ཤང་མཆོད་རྟེན་ར་མགོ་གྲོང་ཚོའི་འབྲི་གཡག་རྒྱགས་གསོ་མཉམ་ལས་ཁང་། རྒྱས་དར་ཤང་ཡངས་ཡིད་གྲོང་ཚོའི་འབྲི་གཡག་རྒྱགས་གསོ་མཉམ་ལས་ཁང་སོགས་ནས་ཡིན་པ་དང་། ལོ་དེ་དག་རིང་མཉམ་ལས་ཁང་གིས་འབྲི་གཡག་རྒྱགས་གསོ་བྱས་པར་ཡོང་འབབ་མང་པོ་རག་ཡོད་པ་རེད།
         ཀོ་ཁྱིམ་གྲོང་ཚོའི་འབྲི་གཡག་རྒྱགས་གསོ་མཉམ་ལས་ཁང་བཙུགས་རྗེས་ཁོངས་མི་ཚོར་འབྲོག་ཟོག་བྲིན་ཚོང་དང་། ལས་སྣོན། སྐྱེལ་འདྲེན། གསོག་ཉར། དེ་བཞིན་འབྲོག་ལས་འཚོ་གནས་གཉེར་སྐྱོང་གི་འབྲེལ་ཡོད་ལག་རྩལ་དང་ཆ་འཕྲིན་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱས་ཡོད་པ་རེད། རྒྱགས་གསོ་བྱེད་པའི་ཁྲོད་ཀྱི་ཉེན་ཁ་ལས་གཡོལ་ཆེད་མཉམ་ལས་ཁང་གིས་གཅིག་གྱུར་ཐོག་ལག་རྩལ་གྱི་མཛུབ་ཁྲིད་དང་ཁྲོམ་རར་བྲིན་ཚོང་བྱེད་པ་དང་། ཚོགས་མི་སྒྲིག་འཛུགས་བྱས་ཏེ་དུས་ཚིགས་ལས་ལྡོག་པའི་འབྲི་གཡག་རྒྱགས་གསོ་བྱས་ནས་བཤས་བཏང་བ་མ་ཟད། རིགས་གཅིག་མཁས་ཅན་གདན་དྲངས་ཏེ་མཉམ་ལས་ཁང་ལ་ཞུགས་པའི་འབྲོག་པར་ཕྱུགས་རིགས་ཚན་རིག་དང་མཐུན་པའི་སྒོ་ནས་གསོ་ཚགས་དང་དོ་དམ་བྱེད་པའི་ཤེས་བྱ་དང་རྩལ་ནུས་གསོ་སྦྱོང་བྱས་པ་རེད།
         “ཁ་ཐོར་གསོ་ཚགས་བྱས་ན་ཕན་འབྲས་ཞན་པ་དང་འབྲི་གཡག་བཤས་གཏོང་བའི་དུས་འཁོར་རིང་པོ་རེད། འབྲི་གཡག་གཅིག་བཤས་གཏོང་བར་སྤྱིར་བཏང་བྱས་ན་ལོ་7ནས་8བར་འགོར་གྱི་ཡོད། གཟན་རྩྭ་དང་། གཟན་ཆས་སྤུས་ལེགས། དེ་བཞིན་མི་ཐབས་ཀྱི་འགྲོ་གྲོན་འཐེན་ན། ཁེ་བཟང་ཧ་ཅང་དམའ་པོ་རེད། གསོ་ཚགས་མ་གནས་ཀྱིས་སྤྱིའི་ཐོན་རྫས་རིན་ཐང་གི་85%བཟུང་ནས་ཡོང་འབབ་ཁེ་གཙང་15%ལས་ཟིན་གྱི་མེད་པ་རེད”འདམ་གཞུང་རྫོང་ཞིང་འབྲོག་ཅུས་ཀྱི་ལས་དོན་པ་ནོར་བུ་དོན་གྲུབ་ཀྱིས“ད་ཆ་ང་ཚོས་མཉམ་ལས་གསོ་ཚགས་བྱེད་སྟངས་སྤྱད་པས་འབྲི་གཡག་བཤས་གཏོང་བའི་དུས་འཁོར་མངོན་གསལ་དོད་པོས་ཐུང་དུ་ཕྱིན་པའི་ཁར་གཅིག་སྡུད་གསོ་ཚགས་བྱས་པས་མི་ཐབས་ལ་བརྟེན་པའི་མ་གནས་ཀྱང་ཆེས་ཆེར་ཆག་ནས་གསོ་ཚགས་མ་གནས་ཀྱིས་སྤྱིའི་ཐོན་རྫས་རིན་ཐང་གི་65%ཟིན་ནས་ཁེ་བཟང་བཅུ་ཆ་གསུམ་ཙམ་ཡོད”ཅེས་བཤད།
         “འབྲོག་ཁུལ་དུ་གསོ་སྤེལ་བྱེད་པ་དང་། ཞིང་ཁུལ་དུ་རྒྱགས་གསོ་བྱེད་པ། ལྷོ་ལ་རྩྭ་འདེབས་པ་དང་བྱང་ལ་ཕྱུགས་འཚོ་བ། རྩྭ་རར་བརྟེན་ནས་ཕྱུགས་རིགས་གཏན་འཁེལ་བྱེད་པ། རྩྭ་ཕྱུགས་གཞི་གཅིག་ཅན་གྱི་སྒོ་ནས་འཕེལ་རྒྱས་གཏོང་བ”བཅས་ཀྱི་འཕེལ་རྒྱས་ཀྱི་བསམ་ཕྱོགས་གཞིར་བཟུང་། ལྷ་ས་གྲོང་ཁྱེར་གྱིས་རྒྱགས་གསོ་བྱེད་ཤུགས་ཆེ་རུ་བཏང་སྟེ་གྲོང་ཁྱེར་དེ་ཡོངས་ཀྱི་འབྲི་གཡག་ཐོན་ལས་ནུས་ཤུགས་ཡོད་རྒུས་གཏོད་པ་དང་ཐོན་ལས་སྦྲེལ་ཐག་བཏོད་ནས་འབྲི་གཡག་རྒྱགས་གསོའི་ལས་དོན་ཁག་ལ་སྐུལ་འདེད་ཧུར་ཐག་བཏང་བ་རེད།
        “མིག་སྔར། ལྷ་ས་གྲོང་ཁྱེར་གྱིས་དྲོད་དུས་གཅིག་སྡུད་ངང་ཕྱུགས་འཚོ་རྒྱགས་གསོ་བྱེད་པ་དང་གྲང་དུས་རྩྭ་སྣོན་ཆུ་སྣོན་བྱས་ནས་རྒྱགས་གསོ་བྱེད་པའི་བྱེད་སྟངས་གཙོ་བོར་སྤྱད་པ་དེའི་ནང་དྲོད་དུས་གཅིག་སྡུད་ངང་ཕྱུགས་འཚོ་རྒྱགས་གསོ་བྱེད་པའི་བྱེད་སྟངས་སྤྱད་ནས་རྒྱགས་གསོ་བྱས་རྗེས་ཆ་སྙོམས་ལྗིད་ཚད་23%འཕར་ནས་ཁེ་གཙང་སྤྱི་རྒྱ་42འཕར་བ་དང་། ཆ་སྙོམས་འབྲི་གཡག་མགོ་གྲངས་རེར་མ་འཇོག་སྒོར་162བྱས་པ་དང་མགོ་གྲངས་རེ་ནས་འབབ་འཕར་སྒོར་2442བྱུང་ཡོད་པ་དང་། གྲང་དུས་རྩྭ་སྣོན་ཆུ་སྣོན་བྱས་ནས་རྒྱགས་གསོ་བྱེད་པའི་བྱེད་སྟངས་སྤྱད་ནས་རྒྱགས་གསོ་བྱས་རྗེས་ཆ་སྙོམས་འབྲི་གཡག་མགོ་གྲངས་རེ་ནས་ཤ་ཤེད་རྒྱ་མ་48སྲུང་ཐུབ་པ་དང་། ཆ་སྙོམས་མགོ་གྲངས་རེར་མ་འཇོག་སྒོར་2160བྱས་པ་དང་རྩྭ་སྣོན་ཆུ་སྣོན་བྱས་རྗེས་འབབ་འཕར་སྒོར་816བྱུང་ཡོད་པ་རེད”ཅེས་ལྷ་ས་གྲོང་ཁྱེར་ཞིང་འབྲོག་ཅུས་ཀྱི་འགན་ཁུར་བས་རྩིས་དེ་ལྟར་བརྒྱབ།
         ཉེ་བའི་ལོ་ཤས་རིང་ལྷ་ས་གྲོང་ཁྱེར་གྱི་རྫོང་ཆུས་ཁག་གིས་འབྲི་གཡག་རྒྱགས་གསོའི་འདུ་འགོད་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་འབྲི་གཡག་རྒྱགས་གསོའི་འཕེལ་རིམ་མགྱོགས་སུ་གཏོང་བར་ཐབས་བརྒྱ་ཇུས་སྟོང་བྱས་ཤིང་། 2017ལོར་གྲོང་ཁྱེར་དེ་ཡོངས་ཀྱིས་འབྲི་གཡག་རྒྱགས་གསོར་མ་དངུལ་སྒོར་ཁྲི་9062.9བཏང་བ་དེ་དག་འབྲི་གཡག་རྒྱགས་གསོ་མཉམ་ལས་ཁང་(ཁེ་ལས་)7དང་འདམ་གཞུང་རྫོང་གི་ཁྱིམ་ཚང་གི་དཔེ་སྟོན་འབྲོག་ར་17གྱིས་གསོ་ཚགས་དང་རྒྱགས་གསོའི་འདུ་འགོད་འཕེལ་རྒྱས་གཏོང་བར་སྤྱད་པ་རེད། དེའི་ཁྲོད་འདམ་གཞུང་རྫོང་གིས་མ་དངུལ་རང་གྲབས་བྱས་ཏེ་སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱེད་པའི་རྩ་དོན་མཐའ་འཁྱོངས་ཀྱིས་འབྲི་གཡག་གི་ཁྱིམ་ཚང་འབྲོག་རའི་ཚོད་ལྟ་དཔེ་སྟོན་ཧུར་ཐག་བྱས་ནས་ལག་ཡོད་ཕྱུགས་རིགས་མགོ་གྲངས་150ཟིན་པ་དང་བཤས་གཏོང་ཚད་20%ཟིན་པའི་གསོ་ཚགས་དུད་ཆེན་3ཚོད་ལྟ་བྱ་རྒྱུར་གདམ་གསེས་བྱས་ཏེ་འབྲི་གཡག་རྒྱགས་གསོའི་ཉམས་མྱོང་གསོག་འཇོག་བྱས་ནས་རྫོང་དེ་ཡོངས་ཀྱི་འབྲི་གཡག་རྒྱགས་གསོའི་འདུ་འགོད་ཆེད་སྲ་ཞིང་བརྟན་པའི་རྨང་གཞི་བཏིང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།