འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ས་གཞིར་སྔོ་ལྗང་གོས་བཟང་བཀླུབས། ཨ་ཁུ་འབྲོག་པའི་ཡོང་འབབ་འཕར། 

     —— མཚོ་སྔོན་གྱིས་སྣོད་བཅུད་འབྲོག་ལས་ཀྱི“མཚོ་སྔོན་གྱི་བྱ་ཐབས་འཚོལ་ཞིབ”བྱས་པར་ཕན་འབྲས་རགས་ཙམ་ཐོན་པའི་སྐོར་བཀོད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་18ཉིན། 12:24】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་དུ་ལོ་3ལྷག་ཙམ་འཚོལ་ཞིབ་བྱས་པ་བརྒྱུད་མ་རྐང་ལམ་ལུགས་སྒྱུར་བཀོད་ཀྱིས་ལྟེ་བར་བྱེད་པ་དང་། སྣོད་བཅུད་འབྲོག་ལས་མཉམ་ལས་ཁང་ཁྱབ་གདལ་གཏོང་བ། ཡུལ་དེའི་འབྲོག་པའི་ཐོན་སྐྱེད་བྱེད་སྟངས་འགྱུར་ལྡོག་གཏོང་བར་ཁྲིད་སྟོན་བྱེད་པ་བཅས་ཀྱི་སྒོ་ནས་རྩྭ་རའི་ཁོར་ཡུག་ལེགས་སུ་བཏང་བས། འབྲོག་པར་འབབ་འཕར་དང་སྣོད་བཅུད་སྲུང་སྐྱོང་གང་གི་ཐད་ནས་བལྟས་ནའང་མཚོ་སྔོན་གྱིས་སྣོད་བཅུད་འབྲོག་ལས་འཕེལ་རྒྱས་གཏོང་ལམ་གསར་པ་འཚོལ་ཞིབ་བྱས་པར་ཕན་འབྲས་རགས་ཙམ་ཐོན་ཡོད།
         “དེ་སྔ་མ་མོ་རེས་ལོ་རེར་ལུ་གུ་གཅིག་ལས་སྐྱེ་ཐུབ་ཀྱི་མེད། ད་ཆ་མཉམ་ལས་ཁང་གིས་གཅིག་སྡུད་གཟན་ཆག་སྟེར་བ་དང་ནུས་ཆེའི་གསོ་ཚགས་བྱས་པ་བརྒྱུད། ལོ་གཉིས་ལ་ལུ་གུ་གསུམ་རེ་སྐྱེ་ཐུབ་ཀྱི་ཡོད”ཅེས་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་བྲག་དཀར་རྫོང་པད་ལུང་མེ་ཏོག་མཉམ་ལས་ཁང་གི་ལས་འཛིན་འགོ་གཙོ་ཆི་ཧྲེ་པཱ་ཡིས་དེ་ལྟར་བཤད། གསར་འགོད་པར་ཤེས་རྟོགས་བྱུང་བར། མཉམ་ལས་ཁང་བཙུགས་རྗེས་འབྲོག་པས་རྩྭ་ར་དང་ཕྱུགས་ཟོག་དངུལ་ལ་ཕབ་ནས་མ་རྐང་ལ་ཞུགས་པ་དང་གཅིག་སྡུད་གསོ་ཚགས་བྱས་པ་མ་ཟད། མཐོ་སློབ་དང་མཉམ་ལས་བྱས་ཏེ་སྔོན་ཐོན་གསོ་ཚགས་ལག་རྩལ་ནང་འདྲེན་བྱས་པ་རེད།
         མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་ཆུ་ལེན་རྫོང་གི་རྩྭ་ར་དང་སྣོད་བཅུད་འབྲོག་ལས་ཀྱི་ཚོད་ལྟའི་ཁུལ་གྱི་གཞུང་ལས་ཁང་གི་ཀྲུའུ་རེན་མཱ་ཅིང་ཡུན་གྱིས“དཔྱིད་དུས་ཕྱུགས་བཀག་དང་། དབྱར་དུས་སྐྱས་སྤོ། སྟོན་དུས་རྩྭ་ཁ་རེས་སྐོར། དགུན་དུས་རང་མོས་ཕྱུགས་འཚོ་བཅས་ཀྱི་བྱ་ཐབས་སྤྱད་པ་བརྒྱུད་ཐོན་འབབ་ཉུང་དུ་མ་ཕྱིན་པ་མ་ཟད། རྩྭ་རའི་སྣོད་བཅུད་དོ་སྙོམས་ཡོང་བར་འགན་ལེན་ཡང་ཐུབ་ཡོད”ཅེས་བཤད། ལག་ལེན་ལས་ར་འཕྲོད་བྱུང་བར། ཚན་རིག་དང་མཐུན་པའི་ངང་རྩྭ་རའི་ཕྱུགས་རིགས་ཐེག་ནུས་གཏན་འཁེལ་བྱས་ཏེ་ཁུལ་དབྱེ་ནས་རྩྭ་ཁ་རེས་སྐོར་གྱི་རྩྭ་རའི་རྒྱ་ཁྱོན་དང་། ཕྱུགས་འཚོ་བའི་གོ་རིམ། ཕྱུགས་འཚོ་བའི་དུས་འཁོར་དང་ཁུལ་དབྱེ་ནས་ཕྱུགས་འཚོ་བའི་དུས་ཚད་བཅས་ཀྱི་གཏན་འབེབས་ཁ་གསལ་བཟོས་ན“ཕྱུགས་འཕྲི་ལས་ཐོན་འབབ་ཉུང་དུ་མི་འགྲོ་བ”བྱེད་ཐུབ་ཀྱི་ཡོད།
         གསར་འགོད་པས་བྲག་དཀར་རྫོང་དུ་དེ་སྔའི་འབྲོག་ལས་རྨང་གཞིར་བྱས་ཏེ། ཕྱུགས་ཟོག་གི་གཟན་ཆག་ནས་སྐྱེ་ལྡན་འབྲོག་ཟོག་བྲིན་ཚོང་བར་གྱི་ཐོན་ལས་འབྲེལ་ཐག་ཆ་ཚང་ཞིག་ཆགས་པ་དང་། བྲག་དཀར་རྫོང་སྐྱེ་ལྡན་འབྲོག་ལས་ལག་རྩལ་དཔེ་སྟོན་གླིང་དུ་བཟོ་པ་རྣམས་ཀྱིས་སྐྱེ་ལྡན་པད་ཁའི་སྣུམ་ཐོན་སྐྱེད་འཁོར་ཁང་དུ་བྲེལ་བརྩོན་ཆེན་པོ་བྱེད་བཞིན་ཡོད་པ་མཐོང་བྱུང་། བྲག་དཀར་རྫོང་ཞིང་འབྲོག་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཚེ་བརྟན་སྐྱབས་ཀྱིས“གླིང་ཁུལ་དུ་ནོར་ལུག་གསོ་ཚགས་བྱེད་པ་མ་ཟད། པད་ཁའི་སྣུམ་དང་། རྩམ་པའི་བག་ལེབ། བལ་གྱི་ཕོ་ཁེབས་སོགས་འབྲོག་ཟོག་ལས་སྣོན་ཞིབ་ཚགས་བྱེད་པ་དེའང་ཡོང་འབབ་མང་དུ་གཏོང་བའི་ཆ་ཤས་ཤིག་ལ་གྱུར་ཡོད”ཅེས་བཤད་པ་དང་ཁོང་གིས་བྲག་དཀར་རྫོང་དཔལ་ཁ་གྲོང་རྡལ་གྱི་དཔལ་ཁའི་ལུག་གསོ་ཚགས་ར་བར“ཡུ་གུ་དང་པད་ཁ”མུའུ་3000བསྲེས་འདེབས་བྱས་པས། ཡུ་གུས་ཡུལ་དེའི་གསོ་ཚགས་ལས་རིགས་ཀྱི་གཟན་ཆག་གི་དགོས་མཁོ་སྐོང་བ་དང་། པད་ཁ་ལས་སྤུས་ལེགས་ཀྱི་སྐྱེ་ལྡན་སྣུམ་བཙགས་ཀྱི་ཡོད། གཞན་ཡང་ཕྱུགས་ཟོག་དང་བྱ་རིགས་ཀྱི་སྐྱེ་ལྡན་ལུད་ཞིང་ཁར་བརྒྱབ་ནས་ལོར་ཐོན་འབབ་ཏུན་ཁྲི་5ཙམ་ཡོང་གི་ཡོད་པས། འདེབས་འཛུགས་དང་གསོ་ཚགས་མཉམ་འབྲེལ་དང་ལེགས་ཆ་གསབ་རེས་བྱ་རྒྱུ་མངོན་འགྱུར་བྱུང་ཡོད་ཅེས་ངོ་སྤྲོད་བྱས།
         སྲོལ་རྒྱུན་འབྲོག་ལས་ཀྱི་རགས་ལས་རྣམ་པའི་ཐོན་སྐྱེད་བྱེད་སྟངས་ལས་ཡུལ་དེའི་རྩྭ་རའི་ཐེག་ནུས་ཚབས་ཆེན་བརྒལ་བ་དང་སྣོད་བཅུད་ཟམ་མི་ཆད་པར་མཉམ་དུ་ཞན་དུ་ཕྱིན་ཡོད། གསར་འགོད་པ་མཚོ་སྔོན་ཞིང་ཆེན་གྱི་ས་ཆ་ཁག་ཏུ་བཅར་འདྲིར་འགྲོ་སྐབས་སྣོད་བཅུད་འབྲོག་ལས་མཉམ་ལས་ཁང་གིས་སྔོན་ལ་རྩྭ་ར་སྐྱོང་བ་དང་རྗེས་སུ་ཕྱུགས་རིགས་གསོ་ཚགས་བྱེད་པ་དང་རྩྭ་རར་གཞིགས་ནས་ཕྱུགས་རིགས་གཏན་འཁེལ་བྱེད་པའི་མ་རྐང་ལ་ཞུགས་པའི་བྱ་ཐབས་སྤྱད་དེ་ལམ་ལུགས་ཐོག་ནས་རྩྭ་རའི་ཐེག་ནུས་ལས་བརྒལ་ནས་ཕྱུགས་འཚོ་རྒྱུ་བཀག་འགོག་བྱས་པ་དང་ཆབས་ཅིག་འབྲི་གཡག་དང་ཡུལ་ལུག་གི་ནུས་ཆེའི་གསོ་ཚགས་ལག་རྩལ་ཁྱབ་གདལ་བཏང་བ་བརྒྱུད་བྱ་ཐབས་ཐོག་ནས་ཕྱུགས་འཕྲི་ལས་ཐོན་འབབ་ཉུང་དུ་མི་འགྲོ་བའི་འགན་ལེན་ཐུབ་པས། རྩྭ་རའི་ཐོན་ཁུངས་ཚན་རིག་དང་མཐུན་ཞིང་དོ་སྙོམས་བེད་སྤྱོད་བྱུང་བ་མཐོང་བྱུང་།
         ཆི་ཧྲེ་པཱ་ཡིས“དེ་སྔ་ང་ཚོའི་འདི་གའི་རྩྭ་ར་རྣམས་དགུན་ཁ་འཆར་རིམ་བཞིན་སྐྱ་ཐེར་ཐེར་དུ་གྱུར་གྱི་ཡོད། ད་ཆ་རྩྭ་མང་པོ་སྐྱེས་འདུག དེ་དག་ནི་སྣོད་བཅུད་འབྲོག་ལས་ལས་བྱུང་བའི་ཕན་པ་ཆེན་པོ་གཞན་ཞིག་རེད”ཅེས་བཤད། གཟན་ཆག་དང་རྩྭ་ཁ་རེས་མོས་ཀྱི་གསོ་ཚགས་བྱེད་སྟངས་བརྒྱུད་རྩྭ་རར་རང་ངོས་ཀྱི་སྣོད་བཅུད་སླར་གསོ་བྱེད་པའི་དུས་ཚོད་འདང་ངེས་བྱུང་ཡོད།
         “ངའི་བསམ་པར་ཡོང་འབབ་མང་དུ་ཕྱིན་པ་ནི་འགྱུར་ལྡོག་ཆེ་ཤོས་རེད”ཅེས་ཆུ་ལེན་རྫོང་དར་ཡུལ་མཉམ་ལས་ཁང་གི་ཁོངས་མི་གསེར་སྐྱིད་སྐྱབས་ཀྱིས་དེ་ལྟར་བཤད་པ་དང་། ཁོང་མཉམ་ལས་ཁང་ལ་ཞུགས་རྗེས་ལོ་རེའི་ཡོང་འབབ་ལྡབ་གཅིག་འཕར་ནས་སྒོར་ཁྲི་15བྱུང་ཡོད། འབྲོག་པའི་ཡོང་འབབ་མང་དུ་ཕྱིན་པ་དེ་སྣོད་བཅུད་འབྲོག་ལས་མཉམ་ལས་ཁང་རྩ་འཛུགས་ཅན་གྱི་ཚད་གཞི་དང་ཐོན་སྐྱེད་གཉེར་སྐྱོང་བྱེད་སྟངས་གསར་གཏོད་བྱས་པ་དང་འབྲེལ་བ་དམ་ཟབ་ཡོད།
         གསར་འགོད་པ་བཅར་འདྲི་བརྟག་ཞིབ་དུ་འགྲོ་སྐབས་སྣོད་བཅུད་འབྲོག་ལས་མཉམ་ལས་ཁང་གིས་གཅིག་གྱུར་གཉེར་སྐྱོང་དང་། མ་རྐང་གཞིར་བཟུང་ཁེ་བཟང་བགོ་བའི་འཁོར་སྐྱོད་ལམ་སྲོལ་ལག་ལེན་བསྟར་བ་བརྒྱུད་གཏན་འཇགས་གྲངས་བཅད་ཀྱི་དབུལ་སྐྱོར་དང་དཀའ་ངལ་སེལ་རོགས་བྱེད་པའི་ལམ་ལུགས་བཟོས་པས། དབུལ་སྒྲོལ་ཕྱུག་འགྱུར་གྱི་གོམ་སྟབས་མགྱོགས་སུ་ཕྱིན་ཡོད། དུད་ཚང་དབུལ་པོ་མཉམ་ལས་ཁང་དུ་ཞུགས་རྗེས་ཡོངས་ཁྱབ་ངང་རྣམ་གྲངས་ཀྱི་མ་རྐང་བགོ་བ་དང་ངལ་ནུས་གསོ་སྦྱོང་དང་ལས་ཞུགས་སོགས་བརྒྱུད་འབྲོག་དུད་གཞན་དག་དང་མཉམ་དུ་ཐོན་སྐྱེད་དང་བགོ་འགྲེམས་ལ་ཞུགས་ནས་རྐང་དབང་གི་ཕན་འབྲས་ལོངས་སྤྱོད་བྱེད་ཆོག་པས། དབུལ་སྒྲོལ་བརྟན་པོའི་ངང་ཐུབ་པ་མཐོང་བྱུང་།
      

    ཕྱོགས་བསྡུས་གསར་འགྱུར།