འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།གཞིས་རྩེར་སོ་ནམ་ལོ་གསར་གཏོང་བར་འགྲོ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་16ཉིན། 16:25】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ལུགས་རྙིང་གི་ཟླ་12སླེབས་ལ་ཉེ་བའི་མཚམས་འདིར། མི་མང་པོ་ཞིག་ལོ་གསར་གྱི་གྲ་སྒྲིག་ལ་བྲེལ་བཞིན་ཡོད་པ་དང་། མི་ཁ་ཤས་ཤིག་གིས་རླངས་འཁོར་དང་གནམ་གྲུའི་པ་སེ་ཉོ་བཞིན་ཡོད་ལ། མི་ཁ་ཤས་ཤིག་ནི་ཁྱིམ་དུ་ལོ་གསར་གྱི་ཉེར་མཁོ་གྲ་སྒྲིག་བྱེད་བཞིན་ཡོད་པ་རེད། འོན་ཀྱང་། བོད་ལྗོངས་གཞིས་རྩེར་ནི་སོ་ནམ་ལོ་གསར་གཏོང་འགོ་ཚུགས་པ་རེད།
         གཞིས་རྩེ་ཕྱོགས་ཀྱི་སོ་ནམ་ལས་ཀ་ཚང་མ་ལོ་ལྟར་བོད་ཟླ་དང་པོ་ནས་བྱེད་དགོས་པས། ས་གནས་དེ་གའི་མང་ཚོགས་ཀྱིས་སོ་ནམ་བྲེལ་དུས་དང་ལོ་གསར་སྐབས་གཉིས་སོ་སོར་ཕྱེ་ཡོད་སྟབས། གཞིས་རྩེ་ཕྱོགས་ཀྱི་ལོ་གསར་ནི་བོད་ཟླ་12ཚེས་1ཉིན་གཏོང་བཞིན་ཡོད་པ་རེད། ཟླ་བ་གཅིག་གི་སྔོན་ལ་གཏོང་བའི་ལོ་གསར་འདིར"གཙང་གི་ལོ་གསར"དང"གཞིས་རྩེའི་སོ་ནམ་ལོ་གསར"ཞེས་འབོད་པ་རེད།
         སོ་ནམ་ལོ་གསར་དང་ས་གནས་གཞན་གྱི་བོད་ལུགས་ལོ་གསར་ཚང་མ་སྤྱིའི་ཆ་ནས་གཅིག་མཚུངས་ཡིན་ཡང་། དུས་ཚོད་ཀྱི་ཆ་ནས་ཁྱད་པར་ཡོད་པ་རེད། དུས་སྟོན་བྱེད་སྒོ་ནི་བོད་ཟླ་བཅུ་གཅིག་པའི་ཚེས་29ཉིན་(སྤྱི་ཟླ་དང་པོའི་ཚེས་15ཉིན་)ནས་འགོ་ཚུགས་ཀྱི་ཡོད་ལ། ཉིན་འདིར་དགུ་ཐུག་འཐུང་བ་སྟེ། ཐུག་པའི་ནང་དུ་དཀར་གོང་དང་བལ། སུར་པན། སོལ་བ། དངུལ་སྒོར་སོགས་བླུག་ཡོད་ལ། དངོས་པོ་འདི་དག་སུ་ཡི་ཕོར་པའི་ནང་བླུག་ཡོད་ན་དེའི་ལས་དབང་དང་སེམས་ཀྱི་སྔ་ལྟས་མཚོན་པར་བྱེད། དགུ་ཐུག་བཏུང་ཚར་རྗེས། སྲོལ་རྒྱུན་གྱི"གླུད་བརྫངས་བའི"བྱེད་སྒོ་སྟེ། ཁྱིམ་གྱི་སྐྱེས་པས་ལག་ཏུ་དཔལ་འབར་ཁྱེར་ནས། ཁྱིམ་ནང་གི་ཁང་པ་རེ་རེ་བཞིན་བསྐོར་ནས། སྐད་ཆེན་པོས"མར་དོན་ཤོག  མར་དོན་ཤོག"ཟེར་བཞིན་པར་བྱ་འཕུར་བ་ལྟར་ཕྱིར་ཐོན་ནས། དཔལ་འབར་དེ་ལམ་འགྲམ་གྱི་སར་དབྱུགས་ནས། ལོ་རྗེས་མར་དུས་བདེ་ཡོང་བའི་སྨོན་ལམ་འདེབས་པ་རེད།
         བོད་ཟླ་བཅུ་གཅིག་པའི་ཚེས་གསུམ་བཅུར་སླེབས་དུས། སོ་ནམ་ལོ་གསར་གྱི་གནམ་གང་ཡིན་ཞིང་། ལས་བྲེལ་ཆེ་ཤོས་ཀྱི་ཉིན་མོ་ཞིག་ཡིན་ཏེ། ནང་མི་ཚང་མས་ལོ་གསར་གོང་གི་མཐའ་མའི་གད་ཕྱིས་བྱེད་པ་དང་། མཆོད་རྫས་དང་ཟས་རིགས་སྣ་ཚོགས་ཡག་པོར་བསྒྲིགས་ཏེ། ལོ་གསར་པ་བསུ་བཞིན་ཡོད་པ་རེད།
         བོད་ཟླ་བཅུ་གཉིས་པའི་ཚེས་གཅིག་ནི་ལོ་རེའི་དུས་ཆེན་གྱི་ཆེས་འཁྲུག་ཆ་འདོད་ཤོས་ཡིན་པ་དང་། དང་པོ་ནམ་ལངས་ཁར་སྔ་པོ་ནས་གཙང་འགྲམ་དང་ཁྲོན་པ་ནས་ཆུ་ཕུད་ལེན་པར་འགྲོ་ཞིང་། བཤད་སྲོལ་ལ་ཆུ་ཕུད་དང་པོ་ལེན་མཁན་དེར་ལོ་འདིའི་ནང་བྱ་བ་ལམ་འགྲོ་ཡོང་གི་ཡོད་ཟེར། ཞོགས་པའི་ཆུ་ཚོད་4པ་ཙམ་ལ། ནང་གི་ཁྱིམ་བདག་མའམ་ཡང་ན་བུ་མོ་རྒན་པས་མལ་ལས་ལངས་ནས། ཆང་བཀོལ་བཀོལ་ནས། ནང་མི་རྣམས་ལ་བསྐྱལ་གྱི་ཡོད། དེ་ནས་མལ་ལས་ལངས་རྗེས་གཟབ་མཆོར་ལེགས་པར་སྤྲས་ཏེ། གྲོ་སོ་ཕྱེ་མར་བཏེགས་ནས་ཕན་ཚུན་ལོ་གསར་གྱི་སྨོན་འདུན་ཞུ་བ་རེད། ལུག་མགོ་ནི་ལོ་གསར་ལ་ངེས་པར་དུ་ཚང་དགོས་པའི་ཞིམ་ཟས་ཀྱི་རིགས་ཤིག་རེད། སྔོན་ལ་ལུག་མགོ་གཙང་མར་བསྲེགས་ནས་བཙོས་རྗེས་ཕྱེད་ཀར་བཏང་ནས་བཟའ་བ་རེད། ཉིན་དེར་སྤྱིར་བཏང་ཕན་ཚུན་འགྲོ་འོང་བྱེད་སྲོལ་མེད་པས། ནང་མི་ཚང་མ་མཉམ་དུ་འཛོམས་ནས་གླེང་མོལ་དང་ཟ་མ་བཟས་ནས་སྡོད་པ་རེད།
         ལོ་གསར་ཚེས་གཉིས་ཀྱི་རྗེས་སུ། སྤུན་མཆེད་ཕན་ཚུན་རེས་མོས་ཀྱིས་རང་ཁྱིམ་དུ་སྐུ་མགྲོན་ལ་འབོད་ནས། དགོང་མོ་སླེབས་པ་དང་གྲོང་མི་མཉམ་དུ་འདུས་ནས་སྐོར་བྲོ་འཁྲབ། ཚང་མས་མེ་ཕུང་བསྐོར་ནས་ཞབས་བྲོ་འཁྲབ་ཅིང་གླུ་ལེན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།