འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་གུང་ཁྲན་ཏང་གིས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་རྣམ་པ་གསར་པར་འཛམ་གླིང་
    སྐྱེ་བོ་ཀུན་གྱིས་དོ་ཁུར་བྱེད་པ། 

    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་16ཉིན། 10:22】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་13ཉིན། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་པེ་ཅིང་དུ་གྲོལ་བ་རེད། ཚོགས་འདུའི་ཐོག་ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་སྤྱི་འདོམས་ཀྱིས་ཕྱོགས་ཡོངས་ནས་ཏང་འཛུགས་སྐྱོང་ཁག་ལ་སྐུལ་འདེད་བཏང་ནས་རྒྱལ་ཁབ་ཀྱི་ལྟ་ཞིབ་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་རྒྱུན་སྲིང་ལྷོད་མེད་ངང་སྤྱོད་བཟང་སྒྲིག་ནན་དང་རུལ་རྒོལ་གྱི་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་སྤྱོད་གཙང་དྲང་བདེན་གྱི་ཆབ་སྲིད་རྣམ་པ་བཟང་པོ་ཞིག་གཏོད་དགོས་ཞེས་བཏོན་ཡོད། 
         ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་འཐབ་ཇུས་བཀོད་ཇུས་ཐོག་བཞག་ནས་རུལ་རྒོལ་འཐབ་རྩོད་དེ་རྣམ་གནོན་གྱི་རྣམ་པ་ཆགས་པ་དང་སྦྲགས་སྲ་བརྟན་དང་འཕེལ་རྒྱས་བྱུང་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་བསྔགས་བརྗོད་རྒྱ་ཁྱབ་ཏུ་ཐོབ་ཡོད་ལ། རུལ་རྒོལ་འཐབ་རྩོད་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་རྒྱལ་སྤྱིའི་མཉམ་ལས་ལ་ཀྲུང་གོས་རང་ཉིད་ཀྱི་བློ་གྲོས་ལེགས་སྐྱེས་སུ་ཕུལ་ཡོད།
         མཉམ་འབྲེལ་རྒྱལ་ཚོགས་ཀྱི་དུག་རྫས་དང་ཉེས་གསོག་གནད་དོན་གཞུང་དོན་ཁང་གི་རུལ་སུངས་དང་དཔལ་འབྱོར་ཉེས་གསོག་སྡེ་ཚན་གྱི་འགན་འཁུར་བ་ཧྥུའུ་ལ་ཤིས་སིས། ཉེ་བའི་ལོ་ཤས་རིང་། ཀྲུང་གོས་ཞིབ་བཤེར་ཐག་གཅོད་བྱས་པའི་རུལ་སུངས་དང་འབྲེལ་བའི་གྱོད་གཞི་ལས་ཀྲུང་གོས་རུལ་རྒོལ་ཁྱབ་ཁོངས་སུ་འབད་བརྩོན་ཆེན་པོ་བྱས་པ་དང་གྲུབ་འབྲས་ཀྱང་ཆེན་པོ་ཐོབ་པ་མཚོན་ཡོད་ཅེས་བཤད།
         སི་ཕེན་གྱི་ཇུས་འདོན་ཚོགས་པའི་ཅ་ལི་ཤིས་ཡ་རྒྱལ་སྤྱིའི་འབྲེལ་བ་ཞིབ་འཇུག་ཁང་གི་ཡོན་ཀྲང་ཧུའུ་ལི་ཨའོ་·ལི་ཨའོ་སིས། ཀྲུང་གོ་རྒྱལ་སྤྱིའི་རུལ་རྒོལ་བྱ་གཞག་གི་མདུན་གྲལ་དུ་སླེབས་པའི་ངོས་འཛིན་བྱས་ཡོད། 
         ན་ནིང་ཟླ་11པར་ཧྥི་ལི་ཕིན་དུ་འཚོགས་པའི་ཀྲུང་གོ་དང་ཨེ་ཤེ་ཡའི་ཤར་ལྷོའི་མནའ་འབྲེལ་གྱི་འགོ་ཁྲིད་པའི་ཚོགས་འདུའི་ཐོག་《ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱིས་ཕྱོགས་ཡོངས་ནས་རུལ་སུངས་ལ་ངོ་རྒོལ་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུའི་ཐད་མཉམ་ལས་ནུས་ལྡན་བྱ་རྒྱུའི་མཉམ་འབྲེལ་གསལ་བསྒྲགས་》སྤེལ་བ་དེས་བྲོས་བྱོལ་དུ་ཕྱིན་པའི་རུལ་སུངས་བ་ཨེ་ཤེ་ཡ་ཤར་ལྷོའི་རྒྱལ་ཁབ་ཏུ་ཡིབ་སྡོད་དང་རུལ་སུངས་ཀྱི་རྒྱུ་ནོར་གཞན་བསྒྱུར་བྱ་རྒྱུ་་སྤྱིར་ན་ཁག་པོ་ཡིན་པ་མཚོན་ཡོད།
         ལི་ཨའོ་སིས“འགྲན་སློང་འཕྲད་སྐབས་ཀྲུང་གོ་གུང་ཁྲན་ཏང་གིས་འགན་འཁྲི་ལས་གཡོལ་མེད་པར་དེ་ལས་ལྡོག་སྟེ་སྔར་ལས་ཆེ་བའི་ཆོད་སེམས་དང་འགན་འཁྲི་ཁུར་ཕོད་པའི་ཐོག་ནས་རུལ་སུངས་ལ་ངོ་རྒོལ་བྱེད་མཁན་འགག་རྩ་ཞིག་བྱས་པར་བསྔགས་བརྗོད་བྱེད་འོས་པ་ཞིག་ཡོད”ཅེས་བཤད། 
         རུལ་རྒོལ་བྱེད་པར་རྩ་ལག་མཉམ་བཅོས་བྱེད་དགོས། ཀྲུང་གོ་གུང་ཁྲན་ཏང་གིས་རུལ་རྒོལ་འཐབ་རྩོད་ཁྲོད། ལམ་ལུགས་དང་བྱེད་ཐབས་གསར་པ་རྒྱུན་ཆད་མེད་པར་གསར་གཏོད་བྱས་ཡོད། ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན། རྒྱལ་ཁབ་ཀྱི་ལྟ་ཞིབ་སྒྲིག་གཞི་སྒྱུར་བཅོས་བྱ་རྒྱུ་དེ་ལམ་ལུགས་ལ་བརྟེན་ནས་རུལ་རྒོལ་བྱེད་པའི་སྤུ་གྲི་ལྟ་བུར་བརྩིས་ནས་མཐོང་ཆེན་པོ་བྱས་ཡོད། 
         དབྱི་ཐ་ལིའི་རྒྱལ་སྤྱིའི་གནད་དོན་གྱི་རིགས་གཅིག་མཁས་ཅན་ཅང་·ཨེ་·ཝ་ལུའོ་ལིས་ལོ་ཤས་རིང་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་འཕེལ་རྒྱས་ལ་གནོད་པའི་རུལ་སུངས་ཀྱི་སྣང་ཚུལ་ལ་རྡུང་རྡེག་ཚ་ནན་བཏང་བ་དང་། ཏང་དང་རྒྱལ་ཁབ་ཀྱིས་རང་ངོས་ལྟ་ཞིབ་ཀྱི་ལམ་སྲོལ་ལ་མཐོང་ཆེན་པོ་འདི་འདྲ་བྱས་པ་ནི་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་ཐོག་ཐེངས་དང་པོ་རེད་ཅེས་བཤད། 
         《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རུལ་རྒོལ་སྤྱི་ཆིངས་》ནི་རུལ་རྒོལ་ཁྱབ་ཁོངས་སུ་དབང་གྲགས་ཆེ་ཤོས་དང་ཤུགས་རྐྱེན་ཆེ་ཤོས་ལྡན་པའི་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་ཡིག་ཆ་ཞིག་ཡིན། ན་ནིང་གི་ཟླ་11པར་འཚོགས་པའི་《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རུལ་རྒོལ་སྤྱི་ཆིངས་》ཀྱི་ཆིངས་འཇོག་རྒྱལ་ཁབ་ཀྱི་ཚོགས་ཆེན་སྐབས་བདུན་པའི་ཐོག་ཀྲུང་གོ་ཕྱོགས་ཀྱི་འབྲེལ་ཡོད་རྒྱལ་སྤྱིའི་རུལ་རྒོལ་མཉམ་ལས་འདུ་ཤེས་དང་ཇུས་གཞི་ཚོགས་ཆེན་གྱིས་མཐའ་མའི་གྲོས་ཆོད་ནང་བཅུག་ནས་ཚོགས་འདུའི་གྲུབ་འབྲས་གལ་ཆེན་ཞིག་ཏུ་གྱུར་ཡོད།
         ཝི་ཨེན་ནར་རྒྱུན་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་གཞིའི་ནོར་ཝེའི་གཞུང་ཚབ་ཆེ་མོ་བ་པིན་ཐེ་·ཨན་ཀེར་—ཧན་སེན་གྱིས་རྒྱལ་སྤྱིའི་རུལ་རྒོལ་མཉམ་ལས་ཐད་ཀྲུང་གོས་སྣེ་ཁྲིད་ཀྱི་ནུས་པ་བཏོན་པར་སྐྱེ་བོ་ཀུན་ལ་བག་ཆགས་ཟབ་མོ་བཞག་ཡོད། དེས་རྒྱལ་སྤྱིའི་སྤྱི་ཚོགས་ལ་གལ་འགངས་ཆེན་པོ་ལྡན་ཡོད་ཅེས་གདེང་འཇོག་བྱས།
         ཀྲུང་གོའི་རུལ་རྒོལ་གྲུབ་འབྲས་དེས་རྒྱལ་ཁབ་གཞན་གྱི་ཡིད་ཆེས་མཐོ་རུ་སོང་བ་མ་ཟད། ཀྲུང་གོའི་བློ་གྲོས་ལེགས་སྐྱེས་སུ་ཕུལ་བས་དཔེ་སྟོན་དང་དཔྱད་གཞིའི་དོན་སྙིང་ལྡན་ཡོད། 
      

    ཕྱོགས་བསྡུས་གསར་འགྱུར།