འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རིགས་ན་གཞོན་བློ་བཟང་དོན་གྲུབ་གླ་པ་ཞིག་ནས་ལས་གཏོད་འཇོན་ཐང་ཅན་ཞིག་ཏུ་གྱུར་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་15ཉིན། 08:22】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། 1987ལོར་སྐྱེས་པའི་བློ་བཟང་དོན་གྲུབ་མཐོ་འབྲིང་གི་ཡིག་རྒྱུགས་མ་ལོན་པའི་དབང་གིས་མུ་མཐུད་སློབ་གྲྭར་སྐྱོད་པའི་ཕུགས་འདུན་འགྲུབ་མེད། འོན་ཀྱང་། ལོ་ན་ཆུང་བའི་ཁོང་ག་འགྲོ་འདི་འགྲོ་མེད་པ་དང་བློ་ཕམ་ཡིད་ཐང་ཆད་པའི་སྐབས་སུ་ཁོང་རང་ཉིད་ཀྱི་ཆ་རྐྱེན་དེ་དམག་བསྡུའི་སྲིད་ཇུས་དང་མཐུན་པས་ཕ་མ་གཉིས་ཀྱི་རྒྱབ་སྐྱོར་འོག་སི་ཁྲོན་དུ་དམག་མིར་ཞུགས། ལོ་གསུམ་རིང་གི་དཔུང་སྡེའི་འཚོ་བས་ཁོང་གི་སྙིང་རུས་འཕེལ་བ་མ་ཟད། ད་དུང་རྩལ་ནུས་མང་པོ་ཞིག་ཤེས། 2006ལོའི་ལོ་མཇུག་ཏུ་བློ་བཟང་དོན་གྲུབ་དཔུང་སྡེ་ནས་ཕྱིར་ལོག་རྗེས་ལྷོ་ཁའི་གློག་ཀླད་ཆེད་ཚོང་ཁང་ཞིག་ཏུ་གླ་པ་བྱས།
         “དམག་མི་ནས་ཕྱིར་ལོག་རྗེས་ངར་འཚམ་པའི་ལས་ཀ་མ་རག་པའི་དབང་གིས་གླ་པ་བྱེད་པའི་གདམ་ག་བྱས་པ་ཡིན། འཁྱུག་ཙམ་ཞིག་ལ་ལོ་བདུན་ཕྱིན་སོང་། དེའི་རིང་ང་རང་ལ་ཤེས་བྱ་མང་པོ་ཤེས་བྱུང”གླ་པ་བྱེད་རིང་བློ་བཟང་དོན་གྲུབ་ཀྱིས་རྩིས་འཁོར་གྱི་འབྲེལ་ཡོད་ཤེས་བྱ་ཉིན་ལྟར་སློབ་སྦྱོང་བྱས་ནས་བསྡད་པ་དང་ཁོང་གི་སྐད་ཆ་ལས་གླ་པ་བྱེད་རིང་དུས་ཚོད་ལ་དམ་འཛིན་ལྷོད་མེད་བྱས་པ་ཤེས་བྱུང་། 2015ལོར་སླེབས་སྐབས་བློ་བཟང་དོན་གྲུབ་ལ་སྤྱི་ཚོགས་ལག་ལེན་གྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་པས་ཁོང་གིས་བློ་ཁོག་ཆེན་པོས་ཁྱིམ་གྱི་དངུལ་ཚང་མ་བཏང་ནས་ལྷོ་ཁར་གློག་རྡུལ་ཚོང་དོན་ཚད་ཡོད་ཀུང་སི་ཞིག་ཐོ་བཀོད་བྱས་ནས་བཙུགས་ཡོད། ཀུང་སི་ནས་གཞུང་ལས་ཁང་གི་སྒྲིག་ཆས་དང་། གྲངས་གཞིའི་ཐོན་རྫས། གློག་རྡུལ་ཐོན་རྫས། གློག་མིག ཉིན་མཁོའི་བརྒྱ་ཟོག་སོགས་སྡེབ་ཚོང་བྱེད་པ་མ་ཟད། ད་དུང་འབྲེལ་ཡོད་ཀྱི་ཞབས་ཞུ་མཁོ་འདོན་བྱེད་པ་དང་ཐོན་རྫས་ཚང་མ་ལྗོངས་ཡོངས་ཀྱི་ས་ཁུལ་ཁག་ཏུ་ཕྱིར་ཚོང་བྱེད་ཀྱི་ཡོད།
         རལ་གྲི་རྣོན་པོ་རྡོ་ལ་བརྡར་ནས་བྱུང་། ཅུ་ལིའི་དྲི་བསུང་གྲང་ངར་རྒྱུད་ལས་འཐུལ། བློ་བཟང་དོན་གྲུབ་ཀྱི་ལས་གཏོད་ལམ་བུར་ཡང་འགོག་རྐྱེན་མང་པོ་འཕྲད་མྱོང་ཡོད། དེ་ཡང་ཀུང་སི་བཙུགས་མ་ཐག་མ་དངུལ་འཁོར་སྐྱོད་བྱེད་དཀའ་བའི་གནད་དོན་ཕྲད་པ་དང་། མི་མི་འདང་བ་དང་ཉོ་མཁན་སོགས་མེད་པ། ཁྱབ་གདལ་གཏོང་བའི་བརྒྱུད་རིམ་ནང་དུ་སྙུགས་ཤེད་མི་འདང་བ་སོགས་ཀྱི་དཀའ་ངལ་ཡང་ཕྲད་ཡོད། འོན་ཀྱང་བློ་བཟང་དོན་གྲུབ་ཡིད་ཐང་མ་ཆད་པར་ཕྱོགས་བཞི་མཚམས་བརྒྱད་ལ་ཕྱིན་ནས་ལས་སྒོ་གཉེར་བ་དང་ཉོ་མཁན་བཙལ་བ་མ་ཟད། ལས་ཀའི་ཐབས་ཤེས་གསར་གཏོད་དང་གཞི་ཁྱོན་རྒྱུན་ཆད་མེད་པར་རྒྱ་ཆེར་བཏང་བས། ཚོང་ལོ་རེ་བཞིན་མ་འདས་པར་ལེགས་སུ་ཕྱིན་ལ་ཀུང་སིའི་ནང་གི་ལག་རྩལ་པའང་ལོ་རེ་བཞིན་མང་དུ་ཕྱིན་ཡོད། མིག་སྔར་ཀུང་སི་དེར་ལས་མི་13ཡོད་པར་ལོར་དངུལ་སྨར་ཡོང་འབབ་སྒོར་ཁྲི་80ཟིན་གྱི་ཡོད།
         ད་ཆ་བློ་བཟང་དོན་གྲུབ་ཀྱི་ཚོང་བརྟན་པོ་ཡོད་པ་དང་འཚོ་བའང་འབྱོར་ཕྱུག་ལྡན་པ་ཞིག་ཡོད། བབ་ཆགས་པའི་ཁོང་གིས་ཕ་ཡུལ་གྱི་ལས་སྒུག་གཞོན་ནུ་རང་ཉིད་ཀྱི་ཚོང་ཁང་དུ་ལས་མིར་བཅུག་སྟེ་ཁོང་ཚོ་རང་ཉིད་དང་མཉམ་དུ་འཚར་ལོངས་དང་མཉམ་དུ་ལས་གཏོད་བྱེད་དུ་འཇུག་གི་ཡོད། “ཁོང་གིས་ལག་གཉིས་ལ་བརྟེན་ནས་ཀུང་སི་བཙུགས་ཏེ་ང་ཚོར་ལས་ཞུགས་ཀྱི་གོ་སྐབས་སྤྲད་པ་མ་ཟད། ད་དུང་རྩིས་འཁོར་གྱི་འབྲེལ་ཡོད་ཤེས་བྱ་མང་པོ་ང་ཚོར་བསླབས་བྱུང་། ཁོང་ནི་ང་ཚོ་གཞོན་སྐྱེས་ཚོའི་སློབ་སྦྱོང་བྱེད་པའི་མིག་དཔེ་ཡིན”ཞེས་ཀུང་སིའི་ལས་མི་སྐལ་བཟང་གིས་བཤད།
         བློ་བཟང་དོན་གྲུབ་གླ་པ་ཞིག་ནས་ད་ཆའི་ལས་གཏོད་འཇོན་ཐང་ཅན་ཞིག་ཏུ་གྱུར་བ་ནི་དཔའ་ངར་ཞུམ་མེད་ཀྱི་འབད་འཐབ་དང་། བརྩོན་འགྲུས་ལྷོད་མེད་ཀྱི་དོན་གཉེར། རྒྱུན་སྲིང་ལྷོད་མེད་ཀྱི་སློབ་སྦྱོང་བཅས་དང་དེ་བཞིན་བོད་མི་རིགས་ལ་ལྡན་པའི་དཀའ་སྤྱད་བཅས་ལ་བརྟེན་ནས་བྱུང་བ་ཞིག་རེད།
      

    ཕྱོགས་བསྡུས་གསར་འགྱུར།