འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།དྲོ་སྐྱིད་ལྡན་པའི་སྡེ་ཁུལ་དེར་ཏང་ཡོན་གྱིས་དུད་ཚང་དབུལ་པོའི་རེ་འདུན་སྐོང་རོགས་བྱེད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་15ཉིན། 08:21】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། གྲང་ངར་ཆེ་བའི་དགུན་ཁ་ཤར་མོད། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་རོང་པོ་གྲོང་རྡལ་གཞོན་ནུ་ལམ་སྡེ་ཁུལ་གྲོང་ལྷན་དུ་འཁྲུག་ཆ་ཧ་ཅང་དོད་པོ་ཡོད།
          “སློབ་འགོ་ཚུགས་དུས་ངས་བྱིས་པར་དཔེ་ཁུག་གསར་པ་ཞིག་ཉོ་ཐུབ་ན་བསམ་གྱི་འདུག”“ང་ལ་འཁར་རྒྱུག་ཅིག་དགོས་ཀྱི་འདུག” གཞོན་ནུ་ལམ་སྡེ་ཁུལ་གྲོང་ལྷན་གྱི་བར་ཁྱམས་སུ་སྙིང་དབྱིབས་ཀྱི་ཤོག་བུ་མང་པོ་སྦྱར་བའི“རེ་བའི་གྱང”ཞིག་ཡོད་པ་དེའི་ལྡེབས་སུ། སྡེ་ཁུལ་དེའི་དུད་ཚང་དབུལ་པོ་དག་གི་རེ་འདུན་ཆུང་ཆུང་དག་བྲིས་ཡོད་པ་དང་། ཕར་འགྲོ་ཚུར་འོང་བྱེད་མཁན་གྱིས་དེར་ལྟ་བཞིན“ཁོང་གི་རེ་འདུན་འདི་ངས་སྐོང་ཆོག”ཅེས་ཟེར་མཁན་མང་པོ་ཡོད།
        “གཞོན་ནུ་ལམ་སྡེ་ཁུལ་གྱི་གྲོང་མི་མང་ཆེ་བ་ནི་ཏང་ཡོན་ཡིན་ལ་དུད་ཚང་དབུལ་པོ་ཡང་248ཡོད། 2014ལོར་སྡེ་ཁུལ་དེས་ཏང་ཡོན་གྱི་གཅེས་སེམས་དང་བླངས་ཞབས་ཞུའི་གདོང་ལེན་རུ་ཁག་བཙུགས་ནས། ཏང་ཡོན་དང་བླངས་པས་རེ་འདུན་སྐོང་རོགས་བྱས་པ་བརྒྱུད་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གནད་དོན་མི་ཉུང་བ་ཞིག་ཐག་གཅོད་བྱས་ཡོད”ཅེས་གྲོང་ལྷན་གྱི་ཀྲུའུ་རེན་མཱ་ཡུས་མེས་བརྗོད།
         གྲོང་ལྷན་གྱི་ཀྲུའུ་རེན་གཞོན་པ་སྙིང་མོ་སྐྱིད་ཀྱིས་གསར་འགོད་པར། ཁུལ་ཆུང་དེའི་དོ་བདག་དང་སྡེ་ལས་དབར་གྱི་འགལ་བ་ཇེ་ཆེར་མི་འགྲོ་བའི་ཆེད། དོ་བདག་གི་འཐུས་མི་ཚོས་གྲོང་ལྷན་གྱི་གཞུང་དོན་ཁང་དུ་གྲོས་བསྡུར་ཡང་ཡང་བྱས་མཐར། གྲོང་ལྷན་གྱི་སྣེ་ཁྲིད་འོག་དོ་བདག་ཨུ་ཡོན་ལྷན་ཁང་འདེམས་བསྐོ་བྱས་ནས་འཛུགས་རྒྱུ་དང་ཆབས་ཅིག་དོ་བདག་སྐད་འཕྲིན་ཚོགས་པ་ཡང་བཙུགས་ནས། དོ་བདག་ཡོངས་ཀྱི་བསམ་འཆར་བསྡུ་ལེན་བྱས་ཏེ་འདེམས་ཤོག་འཕངས་ནས་སྡེ་ལས་ཀུང་སི་གསར་པ་འགུག་རྒྱུའི་གཏན་འཁེལ་བྱས་པ་ཡིན་ཞེས་བརྗོད།
        “སྐད་འཕྲིན་ཚོགས་པ་བཙུགས་རྗེས་ཁྱིམ་མཚེས་དབར་གྱི་སྤེལ་རེས་མང་དུ་ཕྱིན་ནས་འགལ་བ་ཆེ་ཆུང་མང་པོ་ཡང་རང་འགུལ་དང་ཡང་ན་གྲོང་ལྷན་གྱི་འདུམ་སྒྲིག་བྱས་ནས་ཐག་གཅོད་ཐུབ་པ་མ་ཟད། སྡེ་ཁུལ་གྱི་མི་རྣམས་ཕན་ཚུན་གྱི་མཛའ་སེམས་ཀྱང་ཟབ་ཏུ་ཕྱིན་པས། ང་སྡེ་ཁུལ་ལས་དོན་ལ་ཞུགས་འདོད་སྔར་བས་ཆེན་པོ་འདུག་ལ་སྡེ་ཁུལ་ལ་ཞབས་འདེགས་ཞུ་འདོད་ཀྱང་སྔར་བས་ཆེན་པོ་འདུག”ཅེས་སྡེ་ཁུལ་དེའི་གྲོང་མི་དཀོན་མཆོག་དབང་རྒྱལ་གྱིས་གསར་འགོད་པར་བརྗོད།
         སྡེ་ཁུལ་དུ“རེ་བའི་གྱང”དང“སྐད་འཕྲིན་ཚོགས་པ”ལྟ་བུའི་གཅེས་སེམས་ཟབ་མོ་མངོན་པའི་གཏམ་རྒྱུད་ཧ་ཅང་མང་པོ་ཡོད་པ་དཔེར་ན། ཞབས་ཞུའི་ཚོམས་ཆེན་དུ“གཅེས་སེམས་ཚབ་འབྲི”བྱེད་མཁན་གྱིས་དགོས་མཁོ་ཡོད་པའི་གྲོང་མི་ཚོར་འཕྲིན་ཡིག་འབྲི་རོགས་དང་རེའུ་མིག་སོགས་སྐོང་རོགས་བྱེད་པ་དང་། ལོ་གསར་དང་དུས་ཆེན་སྐབས། གྲོང་ལྷན་གྱིས་ཤེས་བྱ་འགྲན་བསྡུར་དང་། དཔྱིད་གསར་དུས་ཆེན་གྱི་མཉམ་སྤྲོའི་འདུ་ཚོགས། ལོ་སྒྲིལ་འབྲས་ཆན་སྒྲིལ་བ་སོགས་ཀྱི་བྱེད་སྒོ་སྣ་ཚོགས་སྒྲིག་འཛུགས་བྱེད་ཀྱི་ཡོད།
         “ཁྱིམ་མཚེས་དབར་གྱི་འབྲེལ་བ་སྔར་བས་ལེགས་སུ་ཕྱིན་པས་སྡེ་ཁུལ་གྱི་གོང་བུ་སྒྲིལ་ཤུགས་ཀྱང་ཆེ་རུ་ཕྱིན་སོང” སྡེ་ཁུལ་ནི་ཁྱིམ་ཚང་ཆེན་པོ་ཞིག་དང་འདྲ་བར་མི་ཚང་མས་དེ་ལས་དྲོ་སྐྱིད་དང་རེ་བ་ཚོར་ཐུབ་ཅེས་མཱ་ཡུས་མེས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།