འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།"ལག་ཐོགས་ཁ་པར་ལ་བརྟེན་ནས་རང་འདོད་ངང་ཡུལ་སྐོར་དུ་སྐྱོད་པ"ལས་ཐེ་ལན་གྱི་ཡུལ་
    སྐོར་ལས་རིགས་ལ་འགྱུར་ལྡོག་གསར་པ་བྱུང་བ། 

    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། དབྱང་ཀྲོའུ་ཡིས།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་15ཉིན། 08:11】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         ད་ཆ་ཀྲུང་གོའི་ན་གཞོན་མང་པོ་ཞིག་ཐེ་ལན་དུ་རང་འདོད་ངང་ཡུལ་སྐོར་དུ་བསྐྱོད་རྒྱུའི་གདམ་ག་བྱེད་པ་ལས་སྣེ་ཤན་པའི་རྗེས་སུ་སྐྱོད་པའི་སྲོལ་རྒྱུན་གྱི་ཡུལ་སྐོར་ཚོགས་པ་དང་ལྷན་དུ་འགྲོ་འདོད་མི་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད།
         ཉེ་དུས་ཐེ་ལན་དེ་ཉིད་ཀྲུང་གོའི་ཡུལ་སྐོར་བ་ཕྱི་རྒྱལ་དུ་ཡུལ་སྐོར་དུ་སྐྱོད་ཡུལ་ཆེ་ཤོས་སུ་གྱུར་ཡོད། ཐེ་ལན་རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱིས་སྔོན་རྩིས་བྱས་པར་གཞིགས་ན། 2017ལོར་ཐེ་ལན་དུ་སྐྱོད་མཁན་ཀྲུང་གོའི་ཡུལ་སྐོར་བ་མི་ཐེངས་ཁྲི་900ལས་བརྒལ་ཡོད་པ་རེད། གྲངས་འབོར་དང་འཛད་སྤྱོད་ཀྱི་དངུལ་འབོར་གང་གི་ཐད་ནས་ཀྱང་ཀྲུང་གོའི་ཡུལ་སྐོར་བས་ཕྱི་རྒྱལ་གྱི་ཡུལ་སྐོར་བའི་བཅུ་ཆ་གསུམ་བཟུང་ནས་ཐེ་ལན་གྱི་ཀ་རྟེན་ལྟ་བུའི་ཐོན་ལས་ཡིན་པའི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཐད་ལེགས་སྐྱེས་ཆེན་པོ་ཕུལ་ཡོད་པ་རེད།
         དོན་དངོས་ཐོག་ལག་ཐོགས་ཁ་པར་ལ་བརྟེན་ནས་རང་འདོད་ངང་ཡུལ་སྐོར་དུ་སྐྱོད་པ་དེས་ཐེ་ལན་གྱི་ཡུལ་སྐོར་ལས་རིགས་ལ་འགྱུར་ལྡོག་ཆེན་པོ་བྱུང་ནས་ཀྲུང་ཐེའི་ཁེ་ལས་དབར་གྱི་མཉམ་ལས་ལ་སྐུལ་མ་ཐེབས་ཡོད་པ་རེད།
         རང་འདོད་ངང་སྐྱོད་མཁན་ཀྲུང་གོའི་ཡུལ་སྐོར་བ་ཇེ་མང་དུ་འགྲོ་བ་དང་བསྟུན་ཏེ་གོ་ལ་ཧྲིལ་པོར་ཐེ་ལན་དུ་ཡུལ་སྐོར་བྱ་རྒྱུར་སྐུལ་མ་གཏོང་མཁན་སྒྲིག་གཞི་ཞིག་ཡིན་པའི་ཐེ་ལན་རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱི་སྤྱི་ཁྱབ་པུའུ་དང་དེ་བཞིན་དེའི་ཀྲུང་གོར་ཡོད་པའི་དོན་གཅོད་ཁྲུའུ་5ཡིས་དཔོད་ཆུང་དང་སྐད་འཕྲིན་གྱི་སྤྱི་རྟགས་བཟོས་པ་མ་ཟད། ཀྲུང་གོའི་དྲ་རྒྱའི་སྨྱན་སྦྱོར་མང་པོ་ཞིག་དང་མཉམ་ལས་ཀྱང་བྱས་ཡོད་པ་རེད།
         2017ལོའི་ཟླ་9པར་ཐེ་ལན་རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱིས་ཆེད་མངགས་ཀྲུང་ཐེ་རྒྱལ་ཁབ་གཉིས་པོའི་དཔོད་ཁུག་གདན་ཞུ་བྱས་ཏེ་ཐེ་ལན་གྱི་ཧྲ་ལ་ཝུའུ་ལི་ཕུའུ་དང་ཁོ་ལེ་ཕུའུ་སོགས་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་སྐྱོད་པ་དང་ཁོང་ཚོའི་དཔོད་ཁུག་ཐོག་འཁོད་པའི་ཡི་གེ་ལས་ཀྲུང་གོའི་ཡུལ་སྐོར་བས་གོང་གསལ་གྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་ལ་ཤེས་ཚོར་ཐུབ་ཚད་དང་དགའ་པོ་བྱེད་ཚད་ཆེ་རུ་ཕྱིན་ཏེ་རང་འདོད་ངང་ཡུལ་སྐོར་དུ་སྐྱོད་མཁན་ན་གཞོན་ཚོས་ཐེ་ལན་ལ་རྒྱུས་མངའ་གཏིང་ཟབ་ལོན་ཐུབ་པའི་རེ་བ་བྱེད་ཀྱི་ཡོད།
         2016ལོར་ཐེ་ལན་རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱིས་ད་དུང་པད་རྡོར་ཀུང་སི་དང་མཉམ་ལས་བྱས་ཏེ་རྒྱ་ཡིག་གི་དཔར་མའི་ཐེ་ལན་གྱི་ཡུལ་སྐོར་ས་བཀྲ་བཀྲམ་པ་དེས་ས་གནས་ཁག་གི་མགྲོན་ཁང་དང་ཡུལ་སྐོར་མཛེས་ལྗོངས་ཁུལ་གནས་ཡུལ་གསལ་པོ་ཤེས་ཐུབ་པ་མ་ཟད་ད་དུང་རྒྱ་ཡིག་གི་ངོ་སྤྲོད་མདོར་བསྡུས་ཀྱང་བྲིས་ཡོད་པས་རང་འདོད་ངང་ཡུལ་སྐོར་དུ་སྐྱོད་མཁན་ཀྲུང་གོའི་ཡུལ་སྐོར་བ་ཚོར་ཧ་ཅང་སྟབས་བདེ་བསྐྲུན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།