འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་སྐད་སྒྲ་ཡོ་རོབ་ས་གཞི་ཆེ་མོར་གྲགས།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་03ཉིན། 13:54】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། སུའེ་ཙེར་གྱི་གྲོང་རྡལ་ཆུང་ངུ་ཏ་ཨའོ་སི་ནས་ཡོ་རོབ་ཀྱི་གྲུ་ཁ་ཆེན་པོ་ཧན་པའོ་བར་2017ལོར་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཡོ་རོབ་ཏུ་འཚོགས་པའི་རྒྱལ་སྤྱིའི་ཚོགས་འདུ་ཆེ་གྲས་གཉིས་ལ་ཞུགས་གནང་བ་དེ་འཛམ་གླིང་གིས་དོ་ཁུར་བྱ་ཡུལ་གཙོ་བོར་གྱུར་པ་དང་། ཀྲུང་གོ་དེ་བས་ཡོ་རོབ་ཀྱི་མིག་མདའ་འཕེན་ཡུལ་དུ་གྱུར་ཡོད།
         ཟླ་དང་པོའི་ཟླ་དཀྱིལ་དུ་སུའེ་ཙེར་གྱི་གྲོང་རྡལ་ཆུང་ངུ་ཏ་ཨའོ་སིར་མཁས་པ་སྟོང་ཕྲག་འཛོམས་ནས་ལོ་གཅིག་དུས་གཅིག་གི་འཛམ་གླིང་གི་དཔལ་འབྱོར་གླེང་སྟེགས་ལ་ཞུགས་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གདན་ཞུས་ལྟར་བརྗོད་དོན་གཙོ་བོ“འགོ་ཁྲིད་ཀྱི་འཇོན་ཐང་སྟེ། སྐབས་བསྟུན་སྒྲུབ་གཉེར་དང་འགན་འཁྲི་འཁུར་ཕོད་པ་བྱེད”ཅེས་པའི་ལོ་འཁོར་གྱི་ཚོགས་འདུར་ཕེབས་ནས་གཙོ་དོན་གཏམ་བཤད་སྤེལ་གནང་བ་རེད། ཁོང་གིས་གོ་ལ་ཧྲིལ་པོ་ཅན་གྱི་ཀྲུང་གོའི་ངོས་འཛིན་དང་འདོད་ཚུལ། དེ་བཞིན་འཛམ་གླིང་གི་དཔལ་འབྱོར་གནད་དོན་ཐག་གཅོད་བྱ་རྒྱུའི་སྐོར་གྱི་ཀྲུང་གོའི་ཇུས་གཞི་བཏོན་གནང་བ་རེད།
         དེ་རྗེས་རི་ནེ་ཝའི་རྒྱལ་སྤྱིའི་རྩ་འཛུགས་ལ་འཚམས་འདྲི་གནང་སྐབས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕོ་བྲང་དབན་གོར《མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་མཉམ་དུ་གཏོད》ཅེས་འགོ་བརྗོད་དུ་འཁོད་པའི་གཏམ་བཤད་གལ་ཆེན་གནང་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་མཉམ་དུ་གཏོད་རྒྱུའི་ཐད་ཀྱི་ཀྲུང་གོའི་དུས་སྐབས་གསར་པའི་ཕྱི་འབྲེལ་སྲིད་ཇུས་ཀྱི་ལྟེ་བའི་འདུ་ཤེས་ལ་རྒྱུད་རིམ་ལྡན་པའི་རྒྱས་བཤད་གནང་སྟེ་དུས་རབས་ཀྱི་བརྗོད་གཞི་འདིར་ནང་དོན་སྔར་བས་ཕུན་སུམ་ཚོགས་པ་དང་གཏིང་ཟབ་པ་བསྣན་ཡོད།
         ཟླ་བདུན་པའི་ཟླ་སྟོད་དུ་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ཐེངས་བཅུ་གཉིས་པ་འཇར་མན་གྱི་ཧན་པའོ་རུ་འཚོགས་པ་རེད། ཕྱོགས་ཁག་གི་དོ་ཁུར་ལ་དམིགས་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྒོ་འབྱེད་རྣམ་པའི་འཛམ་གླིང་དཔལ་འབྱོར་གྱི་ཁ་ཕྱོགས་ཆེན་པོ་གཏོད་པ་དང་། འཛམ་གླིང་གི་དཔལ་འབྱོར་འཕར་བའི་སྒུལ་ཤུགས་གསར་པ་ཐུན་མོང་ཐོག་སྔོག་འདོན་བྱེད་པ། ལག་གདང་སྦྲེལ་ནས་འཛམ་གླིང་གི་དཔལ་འབྱོར་འཕར་རྒྱུར་སྔར་བས་བསྟུན་མཁས་བྱེད་པ། གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྒྲིག་མུ་མཐུད་འཐུས་སྒོ་ཚང་དུ་གཏོང་བ་སོགས་མཐའ་འཁྱོངས་བྱེད་པའི་ཀྲུང་གོའི་ཇུས་གཞི་བཏོན་གནང་བར་སླར་ཡང་ཡོ་རོབ་གླེང་ཕྱོགས་ཀྱི་ཚད་མཐོའི་གདེང་འཇོག་ཐོབ་ཡོད། དབྱེ་ཞིབ་མི་སྣས་ཡོ་རོབ་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་ལ་མཐོང་ཆེན་པོ་འདི་ལྟར་བྱེད་དོན་ནི་ཀྲུང་གོ་འཛམ་གླིང་གི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པ་དེས་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ཤུགས་བསྣན་པ་མ་ཟད། འཛམ་གླིང་ལ“བསམ་པའི་རྒྱགས་ཕྱེ”མཁོ་འདོན་བྱས་ནས་འཛམ་གླིང་ལ་འགལ་རྐྱེན་བཟོ་བའི་དཀའ་རྙོག་སྣ་ཚོགས་ཐག་གཅོད་བྱེད་པར་ཀྲུང་གོའི་ཇུས་གཞི་དང་ཀྲུང་གོའི་བློ་རིག་བཏོན་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད།
         ཉེ་བའི་ལོ་ཤས་རིང“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོར་ཡོ་རོབ་རྒྱལ་ཁབ་ཀྱིས་དང་ལེན་ཧུར་ཐག་ཞུས་ནས་ཀྲུང་གོའི་མ་འཇོག་ཡོ་རོབ་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་གཞན་ཞིག་ཏུ་གྱུར་ཏེ་རྒྱལ་ཁབ་དེ་དག་གི་དཔལ་འབྱོར་སླར་གསོ་དང་གོང་འཕེལ་ལ་སྐུལ་མ་ཐེབས་ཡོད། འདི་ལོའི་ཟླ་11པར་ཀྲུང་གོས་ཨེ་སོ་ནི་ཡ་དང་། སི་ལོ་ཝེ་ཉི་ཡ། ལི་ཐུ་ཝན་སོགས་རྒྱལ་ཁབ་དང་མཉམ་ལས་ཀྱི་ཡིག་ཆ་བཞག་ནས“རྒྱུད་གཅིག་ལམ་གཅིག”གྲོས་འགོ་ཐུན་མོང་ཐོག་བསྐྲུན་རྒྱུ་མངོན་འགྱུར་ཡོང་བ་བྱ་རྒྱུ་དེ་ཡོ་རོབ་དབུས་ཤར་གྱི་རྒྱལ་ཁབ་16ལ་ཁྱབ་ཡོད།
         ཡོ་རོབ་ཀྱིས་ཀྲུང་གོར་མཐོང་ཆེན་བྱེད་དོན་ནི་ཀྲུང་གོས་འཛམ་གླིང་ཞི་བདེ་སྲུང་སྐྱོང་དང་ཐུན་མོང་འཕེལ་རྒྱས་ལ་སྐུལ་མ་གཏོང་རྒྱུའི་ཐད་དགེ་མཚན་ལྡན་པའི་ནུས་པ་ཧུར་ཐག་བཏོན་ཡོད་པས་རེད། གོ་ལ་ཧྲིལ་པོའི་བཅོས་སྒྲིག་ཐད་ཀྲུང་གོ་དང་ཡོ་རོབ་ལ་མཐུན་པའི་ཆ་མང་པོ་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།