འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་པོའི་གསེར་ཉའི་ཐོན་ཁུངས་ལོ་བཅོ་ལྔའི་རིང་ལྡབ་30འཕར་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་03ཉིན། 13:53】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིང་འབྲོག་ཐིང་ཉ་ལས་ཅུས་ནས་ཤེས་རྟོགས་བྱས་པར། ལྟ་ཞིབ་ཚད་ལེན་ལས་མངོན་དོན། 2017ལོའི་མཚོ་སྔོན་པོའི་གསེར་ཉའི་ཐོན་ཁུངས་ཏུན་ཁྲི་8ལྷག་ཙམ་ཟིན་དེ་2002ལོའི་ལྟ་ཞིབ་ཚད་ལེན་བྱས་པའི་ལྡབ་30ཡིན་པ་རེད།
        གསེར་ཉར་སྲུང་སྐྱོང་བྱས་ནས་མཚོ་སྔོན་པོའི་སྣོད་བཅུད་མ་ལག་སླར་གསོ་བྱ་ཆེད། དུས་རབས་གོང་མའི་ལོ་རབས་80ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་སྔ་རྗེས་སུ་མཚོ་སྔོན་པོར“མཚོ་བཀག་ཉ་གསོ”ལག་བསྟར་ཐེངས་མང་བྱས་པ་དང་འབྲེལ། 2001ལོ་ནས་བཟུང་། ཉ་འཛིན་མི་ཆོག་པའི་བྱེད་ཐབས་ལག་བསྟར་བྱས་པ་རེད། གཞན་ཡང་། 2002ལོ་ནས་བཟུང་། མཚོ་སྔོན་པོའི་ཙོང་ཉ་སྲུང་སྐྱོང་ལྟེ་གནས་ཀྱིས་མིག་སྔའི་བར་རིམ་རྩིས་བྱས་ན། མཚོ་སྔོན་པོར་ཉ་ཕྲུག་ཁྲི་9497ལྷག་ཙམ་གློད་པས་མཚོ་སྔོན་པོའི་གསེར་ཉའི་ཐོན་ཁུངས་འཕར་བར་ལེགས་སྐྱེས་འབུལ་ཚད་20%ལྷག་ཟིན་ཡོད།
         གཞན་ཡང་། མཚོ་སྔོན་ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཚན་དང་ས་ཁུལ་གྱིས་ད་དུང་ཁྲིམས་འགལ་ངང་གསེར་ཉ་འཛིན་པ་དང་། འཚོང་བ། ལས་སྣོན་བཅས་ཀྱི་བྱེད་སྤྱོད་ལ་རྡུང་རྡེག་གཏོང་ཤུགས་ཆེ་རུ་བཏང་བ་དང་ཉ་ལས་ཀྱི་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལས་དོན་རྒྱུན་མཐུད་ངང་སྤེལ་ནས་སྤྱི་ཚོགས་ལས་རིགས་ཁག་གི་སྟོབས་ཤུགས་མཚོ་སྔོན་པོའི་ཙོང་ཉའི་ཐོན་ཁུངས་སྲུང་སྐྱོང་ལ་ཞུགས་རྒྱུར་ཁྲིད་སྟོན་བྱས་ཏེ་མཚོ་སྔོན་པོའི་སྣོད་བཅུད་རྒྱུན་མཐུད་སྐྱོན་བྲལ་གྱིས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།