འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་7ཉིན།
  • མི་དམངས་དྲ་བ།>>རྒྱལ་ནང་གསར་འགྱུར།

    ༄༅།།སློབ་གསོ་པུས"འོས་འགན་སློབ་གསོ་ལོ་བཅུ་གཉིས་ལ་རིམ་སྤོར་བྱེད་པ"དང"འབྲིང་
    རྒྱུགས་མེད་པ་བཟོ་བའི"གདལ་གཏམ་ལ་ཁས་མི་ལེན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་07ཉིན། 10:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་དྲ་བའི་ཐོག་གི་“ལོ་དགུའི་འོས་འགན་སློབ་གསོ་ལོ་བཅུ་གཉིས་ཀྱི་ལམ་ལུགས་སུ་རིམ་སྤོར་བྱེད་པ་དང་འབྲིང་རྒྱུགས་མེད་པ་བཟོ་བ”ཞེས་པའི་གནས་ཚུལ་དེ་སློབ་གསོ་པུའི་རྨང་གཞིའི་སློབ་གསོ་སིའི་འགན་འཁུར་བས་ཚེས་5ཉིན་ཁས་བླངས་མེད་པ་རེད།
         “མིག་སྔར་མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་གསོ་འོས་འགན་སློབ་གསོའི་ཁྱབ་ཁོངས་སུ་འཇུག་པའི་ཆ་རྐྱེན་ད་དུང་ཚང་མེད་པ་དང་མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་གསོའི་ལས་འགན་གཙོ་བོ་ནི་ཁྱབ་གདལ་གཏོང་བའི་གོམ་སྟབས་མགྱོགས་སུ་བཏང་ནས་དམའ་རིམ་སློབ་འབྲིང་གི་སློབ་ཐོན་སློབ་མས་མཐོ་རིམ་སློབ་འབྲིང་གི་སློབ་གསོ་དང་ལེན་བྱེད་པའི་དགོས་མཁོ་བསྐང་རྒྱུ་དེ་ཡིན”ཞེས་འགན་འཁུར་བ་དེས་བཤད་པ་དང་། ད་ལྟའི་དུས་མཚམས་སུ་ལོ་དགུའི་འོས་འགན་སློབ་གསོ་དེ་ལོ་བཅུ་གཉིས་ཀྱི་ལམ་ལུགས་སུ་རིམ་སྤོར་བྱེད་མི་སྲིད་ཅེས་བཤད།
         “འདི་ལོ་སློབ་གསོ་པུའུ་སོགས་སྡེ་ཚན་བཞིས་《མཐོ་རིམ་སློབ་འབྲིང་དུས་མཚམས་སུ་འགག་སྒྲོལ་འཆར་གཞི་ཁྱབ་གདལ་གཏོང་བ(2017ལོ་ནས་2020ལོ་བར)》པར་འགྲེམས་བྱས་ནས་2020ལོར་སླེབས་སྐབས་རྒྱལ་ཡོངས་སུ་མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་གསོ་ཁྱབ་གདལ་གཏོང་དགོས་ཞེས་བཏོན་ཡོད། འོན་ཀྱང་ཁྱབ་གདལ་དང་། འོས་འགན། རིན་མེད་བཅས་ནི་གོ་དོན་མི་འདྲ་བའི་ཐ་སྙད་གསུམ་ཡིན་པས་མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་གསོ་ཁྱབ་གདལ་གཏོང་བར་གཙོ་བོ་སློབ་གྲྭར་འགྲོ་ས་ཡོད་པ་བཟོ་བའི་གནད་དོན་ཐག་གཅོད་རྒྱུར་ཐུག་ཡོད་པ་ལས་མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་གསོ་འོས་འགན་སློབ་གསོའི་ནང་འཇུག་རྒྱུའམ་ཡང་ན་རིན་མེད་སློབ་གསོ་ལག་བསྟར་བྱ་རྒྱུ་དེ་མིན” འོས་འགན་སློབ་གསོར་ཁྱབ་གདལ་དང་། དོ་སྙོམས། བཙན་སྐུལ། རིན་མེད་སོགས་ཀྱི་ཁྱད་ཆོས་ལྡན་ཡོད། 2016ལོར་སླེབས་སྐབས་རང་རྒྱལ་གྱི་ལོ་དགུའི་འོས་འགན་སློབ་གསོ་སྲ་བརྟན་དུ་གཏོང་ཚད་93.4%ཟིན་ནས་འོས་འགན་སློབ་གསོ་དོ་སྙོམས་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། འོན་ཀྱང་འོས་འགན་སློབ་གསོའི་འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་གནད་དོན་སྔར་བཞིན་མངོན་གསལ་དོད་པོ་ཡོད་པས་འབྱུང་འགྱུར་དུས་མཚམས་ཤིག་ནང་འོས་འགན་སློབ་གསོ་སྲ་བརྟན་དུ་གཏོང་བའི་ཚད་གཞི་དང་དོ་སྙོམས་ངང་འཕེལ་རྒྱས་གཏོང་བའི་ཚད་གཞི་སྔར་བས་མཐོ་རུ་གཏོང་རྒྱུའི་ལས་འགན་སྔར་བཞིན་ལྕི་པོ་ཡོད་ཅེས་འགན་འཁུར་བ་དེས་བཤད།
         “ཁྱབ་གདལ་གཏོང་བའི་བརྒྱུད་རིམ་ནང་ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་སློབ་མའི་སློབ་གྲྭར་སྐྱོད་པའི་གནད་དོན་ཐག་གཅོད་འོས་འཚམ་བྱེད་དགོས། མིག་སྔར་ང་ཚོས་རོགས་སྐྱོར་མ་ལག་བཙུགས་ཟིན། གོམ་སྟབས་རྗེས་མར་ཡིག་ཚགས་དང་གཱ་བཟོས་པའི་ཁྱིམ་ཚང་གི་དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་མའི་རིན་མེད་སློབ་གསོའི་ལས་དོན་གཙོ་གནད་ཐོག་ཡག་པོ་སྒྲུབ་དགོས”ཞེས་འགན་འཁུར་བ་དེས་བཤད།
         “འབྲིང་རྒྱུགས་མེད་པ་བཟོ་རྒྱུའི”གནས་ཚུལ་ལ་གཞིགས་ནས་འགན་འཁུར་བ་དེས་གནས་ཚུལ་དེ་ནི་དོན་དངོས་མ་རེད་ཅེས་གསལ་པོར་བཤད།
         “རྒྱུགས་ལེན་སློབ་བསྡུའི་ལམ་ལུགས་སྒྱུར་བཅོས་བྱ་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྤྱིའི་བཀོད་སྒྲིག་ལ་གཞིགས་ནས་2016ལོར་སློབ་གསོ་པུས《མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་གྲྭའི་རྒྱུགས་ལེན་སློབ་བསྡུའི་ལམ་ལུགས་སྒྱུར་བཅོས་ལ་སྔར་བས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》ཁྱབ་བསྒྲགས་བྱས་ཡོད། ད་ཐེངས་ཀྱི་སྒྱུར་བཅོས་བྱེད་སྐབས་དམའ་རིམ་སློབ་འབྲིང་ལ་སློབ་ཚན་ཆུ་ཚད་ཀྱི་རྒྱུགས་ལེན་ཁྱབ་གདལ་གཏོང་བ་ལས་འབྲིང་རྒྱུགས་མེད་པ་བཟོ་རྒྱུ་མིན་ལ་དམའ་རིམ་སློབ་འབྲིང་གི་སློབ་ཐོན་རྒྱུགས་ལེན་དང་མཐོ་རིམ་སློབ་འབྲིང་གི་སློབ་བསྡུའི་རྒྱུགས་ལེན་གཉིས་གཅིག་ཏུ་བསྒྲིལ་ནས་ཡིག་རྒྱུགས་གཅིག་གི་སྐར་གྲངས་ཁག་མང་པོར་སྤྱད་དེ་རྒྱུགས་ཐེངས་མང་གཏོང་མི་དགོས་པ་བྱས་ནས་སློབ་མའི་ཡིག་རྒྱུགས་ཀྱི་གྲ་སྒྲིག་ཡང་ཡང་བྱེད་པའི་ཁུར་པོ་དང་གནོན་ཤུགས་ཆུང་དུ་གཏོང་རྒྱུ་དེ་ཡིན་ཞེས་ང་ཚོས་རྟག་ཏུ་ནན་བཤད་བྱེད་ཀྱི་ཡོད”སྒྱུར་བཅོས་ནི་སྔར་ཡོད་ཀྱི་འབྲིང་རྒྱུགས་ལམ་ལུགས་ལེགས་སུ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་དེ་ཡིན་པ་དང་། དེའི་དམིགས་ཡུལ་ནི་མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་གྲྭས་རྒྱུགས་ལེན་པ་དང་སློབ་མ་བསྡུ་བའི་རྣམ་པ་གསར་པ་བཟོས་ནས་བྱང་ཚད་སློབ་གསོར་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་རྒྱུགས་ལེན་སློབ་བསྡུའི་ལམ་ལུགས་ཀྱི་ཡང་དག་པའི་ཁྲིད་སྟོན་གྱི་ནུས་པ་སྔར་བས་ཡག་པོ་བཏོན་ནས་སློབ་གསོ་དྲང་སྙོམས་ལ་སྐུལ་འདེད་གཏོང་ཆེད་ཡིན་ཞེས་འགན་འཁུར་བ་དེས་བཤད།
         ཁོང་གིས་མིག་སྔར་སློབ་གསོ་པུས་ས་གནས་ཁག་ལ་ཡིག་ཆའི་བླང་བྱར་གཞིགས་ཏེ་དོན་དངོས་དང་ཟུང་འབྲེལ་བྱས་ནས་ས་གནས་དེ་གའི་འབྲིང་རྒྱུགས་སྒྱུར་བཅོས་ཀྱི་ལག་བསྟར་བསམ་འཆར་ཞིབ་བཟོ་བྱ་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་བཞིན་ཡོད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།