འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་འབུར་བརྙན་སྒྱུ་རྩལ་ལྷན་ཚོགས་ལྷ་སར་བཙུགས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་07ཉིན། 14:39】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་3ཉིན་གྱི་ཕྱི་དྲོ། བོད་ལྗོངས་འབུར་བརྙན་སྒྱུ་རྩལ་ལྷན་ཚོགས་ལྷ་སར་བཙུགས་པ་རེད། ལྷན་ཚོགས་དེ་ནི་རྒྱལ་ཁབ་དང་རང་སྐྱོང་ལྗོངས་རིམ་པའི་བཟོ་རྩལ་དང་མཛེས་རྩལ་མཁས་པ་མང་པོའི་གྲོས་འགོའི་འོག་བཙུགས་པ་ཞིག་ཡིན་ཞིང་། དེའི་ནང་སྲོལ་རྒྱུན་གྱི་བརྙན་བཟོའི་སྒྱུ་རྩལ་པ་བརྒྱ་ལ་ཉེ་བ་ཞུགས་རྒྱུའི་ཡིད་དབང་བཀུག་ཡོད། ལྷན་ཚོགས་དེ་བཙུགས་པའི་དམིགས་ཡུལ་ནི་བོད་ཀྱི་སྲོལ་རྒྱུན་བརྙན་བཟོའི་ལག་རྩལ་སྲུང་སྐྱོང་དང་། རྒྱུན་འཛིན། འཕེལ་རྒྱས་གཏོང་བ་བཅས་བྱས་ནས་བོད་ལྗོངས་ས་ཁུལ་གྱི་ཁྱད་ལྡན་རིག་གནས་ཐོན་ལས་སྔར་བས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད་ཡིན་པ་རེད།
          ངོ་སྤྲོད་བྱས་པར་གཞིགས་ན། ལོ་2500ལྷག་ཙམ་རྒྱུན་འཛིན་བྱས་པའི་བོད་ཀྱི་སྲོལ་རྒྱུན་བརྙན་བཟོའི་ལག་རྩལ་ནི་སྒྱུ་རྩལ་རང་བཞིན་ཧ་ཅང་ཆེ་བའི་གནའ་བོའི་ལག་ཤེས་སྒྱུ་རྩལ་ཞིག་ཡིན་ཞིང་། ལྕགས་རིགས་དང་། ཤིང་ཆ། རྡོ་ཆས་སོགས་རྒྱུ་ཆར་བྱས་ཏེ་སྲོལ་རྒྱུན་ལག་རྩལ་ལ་བརྟེན་ནས་ལས་སྣོན་བྱས་པ་བརྒྱུད་གསོན་ཉམས་ལྡན་པའི་ལྷ་བཟོའི་བཟོ་རྩལ་གྱི་ཐོན་རྫས་གྲུབ་པ་དང་ཆབས་ཅིག དེ་དག་རིག་དངོས་ཉམས་གསོ་དང་གཏོར་སྐྱོན་གསལ་འབྱེད་སོགས་ཕྱོགས་མང་པོའི་ཐད་རྒྱ་ཁབ་ངང་སྤྱོད་ཀྱི་ཡོད། ལག་རྩལ་དེར་རིག་གནས་ཀྱི་རྨང་གཞི་ཟབ་མོ་དང་། ཚད་མཐོའི་མཛེས་དཔྱོད་ཀྱི་ཁྱད་ཆོས་མངོན་པར་གསལ་བ། རིགས་པའི་གཞུང་ལུགས་ཀྱི་མ་ལག་ཁུངས་བཙན་པ་བཅས་ལས་མངོན་མིན་རིག་གནས་ཀྱི་ཤུལ་བཞག་དཀར་ཆག་ནང་བཅུག་པ་ཞིག་ཡིན་པས། བོད་ཀྱི་རིག་གནས་ཁྲོད་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བའི་སྒྱུ་རྩལ་གྱི་མཚོན་ཚུལ་དང་གྲུབ་ཆ་གལ་ཆེན་ཞིག་རེད།
         “བརྙན་བཟོ་བ་དེ་བས་མང་བས་ང་ཚོའི་ལྷན་ཚོགས་ཀྱི་རོགས་རམ་འོག་ཚད་ལྡན་གྱི་ལག་རྩལ་རྒྱུན་འཛིན་པ་དེ་བས་མང་པོ་གསོ་སྐྱོང་བྱས་ནས་བོད་ཀྱི་བརྙན་བཟོའི་ལག་རྩལ་བྱ་གཞག་དང་ཐོན་ལས་སྲུང་སྐྱོང་དང་། འཕེལ་རྒྱས། རྒྱུན་འཛིན་བཅས་ཀྱི་འགན་འཁྲི་ལྕི་པོ་ཕྲག་ཏུ་འཁུར་ནས་མེས་པོས་བཞག་པའི་རིག་གནས་ཀྱི་མཆོག་ནོར་མ་བརླག་པ་བྱ་རྒྱུའི་རེ་བ་ཡོད”ཅེས་ཀྲུང་གོ་བཟོ་རྩལ་མཛེས་རྩལ་ལས་རིགས་ཀྱི་དགེ་རྒན་ཆེ་མོ་བ་བོད་ཀྱི་འབུར་བརྙན་སྒྱུ་རྩལ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དགའ་ཡིས་གསར་འགོད་པར་ནན་ཏན་ངང་དེ་ལྟར་བཤད་བྱུང་།
          “འབུར་བརྙན་སྒྱུ་རྩལ་ལྷན་ཚོགས་བཙུགས་པ་དེས་རང་ལྗོངས་ཀྱི་བརྙན་བཟོའི་ལག་རྩལ་དེ་ཉིད་ས་གནས་ཀྱི་ཁྱད་ལྡན་རིག་གནས་ཐོན་ལས་སུ་འགྱུར་བར་སྔར་བས་སྐུལ་འདེད་ཐེབས་པ་དང་སྲོལ་རྒྱུན་གྱི་ལག་ཤེས་བཟོ་ལས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བའི་རྣམ་པ་གསར་པ་ཞིག་ཆགས་ནས་སྤྱི་ཚོགས་ཀྱི་ཕན་འབྲས་ལ་སྐུལ་ཁྲིད་ཐུབ་པ་དང་ཆབས་ཅིག དཔལ་འབྱོར་གྱི་ཕན་འབྲས་དེ་བས་ཡག་པོ་ཐོན་ཡོད”ཅེས་བོད་རང་སྐྱོང་ལྗོངས་རིག་གནས་ཐིང་ཐོན་ལས་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ལི་ཁྲོན་ཀྲོའུ་ཡིས་ངོ་སྤྲོད་བྱས།
      

    ཕྱོགས་བསྡུས་གསར་འགྱུར།