འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།དབུལ་སྒྲོལ་ཐུབ་དགོས་ན་ཏང་གི་སྲིད་ཇུས་བཟང་པོར་བརྟེན་དགོས་པ་དང་འབྱོར་འབྲིང་ཕྱོགས་
    སུ་སྐྱོད་དགོས་ན་རང་གི་འབད་བརྩོན་ལ་བརྟེན་དགོས།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་07ཉིན། 14:41】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། “ཡུལ་མི་ཚོ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ནང་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱས་ནས་གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་པ་དང་། མི་རིགས་ས་ཁུལ། མཐའ་མཚམས་ས་ཁུལ། ས་ཁུལ་དབུལ་པོ་བཅས་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ་ཐབས་ཇུས་ལ་ཤུགས་སྣོན་གྱིས་ནུབ་རྒྱུད་ཐོན་འབྱེད་ཆེ་མོར་རྣམ་པ་གསར་པ་ཆགས་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། ས་ཆ་འགན་གཙང་གི་འབྲེལ་བ་བརྟན་པོ་རྒྱུན་འཁྱོངས་བྱེད་པ་དང་འབྲེལ་ཡུན་རིང་མི་འགྱུར་བ་བྱས་ནས་རེས་སྐོར་གཉིས་པའི་ས་ཆ་འགན་གཙང་གི་དུས་ཡུན་ཐིམ་རྗེས་ལོ་སུམ་ཅུ་རིང་དུ་གཏོང་རྒྱུ་ཡིན་པ་སོགས་བསྟན་ཡོད། ང་ཚོས་ངེས་པར་དུ་སྲིད་ཇུས་བཟང་པོ་དེ་དག་བེད་ཡག་པོ་སྤྱད་དེ་ལས་ལ་བརྩོན་པའི་ལག་ཟུང་ལ་བརྟེན་ནས་བདེ་སྐྱིད་ལྡན་པའི་འཚོ་བ་བསྐྲུན་དགོས” ཉེ་ཆར་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་རོང་བྲག་རྫོང་ཧྲུའེ་ཙི་ཤང་ཧྲུའེ་ཙི་གྲོང་ཚོ་དང་པོའི་བྱེད་སྒོ་ཁང་གི་སྒོ་རའི་ནང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཡུས་ཏེ་ཁྲུན་གྱིས་སྐད་གསང་མཐོན་པོས་གྲོང་མི་200ལྷག་ཙམ་ལ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱས།
         སྒོ་རའི་ནང་སྒྲོག་འགྲེལ་ཉན་མཁན་གྱི་གྲོང་མིས་ཁེངས་ཤིང་། ལ་ལས་རྐུབ་སྟེགས་ཆུང་ཆུང་འཁྱེར་བ་དང་། ལ་ལས་ས་མཐིལ་ཐོག་བསྡད་པ། འགའ་ཞིག་གིས་ནན་ཏན་ངང་ཟིན་བྲིས་རྒྱག་བཞིན་ཡོད་པ་རེད། ཚང་མས་སྒྲོག་འགྲེལ་གྱི་ནང་དོན་གཟབ་ནན་ངང་ཉན་པ་མ་ཟད་སྐབས་འགར་མགོ་བོ་ཡང་ལྕོག་ལྕོག་བྱེད་ཀྱི་ཡོད། “སྒྲོག་འགྲེལ་ཉན་རྗེས་ང་ཚོས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ལྷག་པར་དུ་གྲོང་གསེབ་དང་ཞིང་ལས་ཀྱི་གཟིགས་སྐྱོང་སྲིད་ཇུས་ལ་དེ་བས་གོ་བ་ཟབ་མོ་བླངས་ཐུབ་བྱུང”གྲོང་མི་ཧོང་ལེན་ཁྲེང་གི་སྐད་ཆ་ལས་གྲོང་མི་ཚང་མའི་བསམ་ཚུལ་མངོན།
         སྒྲོག་འགྲེལ་མ་བྱས་གོང་། ཡུས་ཏེ་ཁྲུན་ཞིང་ཁ་ནས་ལོག་མ་ཐག་ཡིན། ཉིན་དེ་དག་རིང་ཁོང་གིས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་པ་ཕུད། ད་དུང་གྲོང་མིར་ཤ་མོ་རླམ་རྩྭ་ཕོ་སུལ་འདེབས་སྟངས་སློབ་ཀྱི་ཡོད། ན་ནིང་ནས་བཟུང་། ཡུས་ཏེ་ཁྲུན་གྱིས་རླམ་རྩྭ་ཕོ་སུལ་ཚོད་འདེབས་བྱས་པར་གྲུབ་འབྲས་ཐོན་པ་དང་ད་ཆ་གྲོང་མིའི་མོས་མཐུན་ཐོབ་པ་དང་བྱེད་འཐུས་རང་བཞིན་དང་ཡོང་འབབ་ལ་རྟོག་ཞིབ་བྱས་རྗེས། ཁོང་དང་ཡུལ་མི་ཚོས་གྲོང་ཚོའི་ས་ཞིང་ཁག་གཅིག་ལ་ལྗང་མདོག་སྣོད་བཅུད་ཀྱི་ཤ་མོ་རླམ་རྩྭ་ཕོ་སུལ་གྱི་ཐོན་ལས་འཕེལ་རྒྱས་གཏོང་རྩིས་ཡོད་པ་རེད།
          “དབུལ་སྒྲོལ་ཐུབ་དགོས་ན་ཏང་གི་སྲིད་ཇུས་བཟང་པོར་བརྟེན་དགོས་པ་དང་། འབྱོར་འབྲིང་ཕྱོགས་སུ་སྐྱོད་དགོས་ན་རང་གི་འབད་བརྩོན་ལ་བརྟེན་དགོས། ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་ཡིན་ཕྱིན། གཟི་བརྗིད་ཡིན་ལ་འགན་འཁྲི་ཡང་ལྕི་པོ་ཡོད། ངས་ངེས་པར་དུ་གྲོང་ཚོའི་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དོན་འཁྱོལ་ཡག་པོ་བྱས་ནས་ཕ་ཡུལ་དེ་བས་མཛེས་སྡུག་ལྡན་པར་འགྱུར་བ་བྱ་རྒྱུ་ཡིན། ལོ་ལྔའི་རིང་། གྲོང་ཚོ་དང་པོར་ལམ་དང་གློག་ཤར་གཏོང་ཐུབ་པ་དང་ངལ་ནུས་ཕྱིར་གཏོང་དང་གྲོང་ཁྱེར་དུ་གླ་པར་ཕྱིན་པ་སོགས་ལས། 2016ལོའི་གྲོང་མིའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1.4བར་མང་དུ་ཕྱིན་པ་དང་། འདི་ལོའི་རྒྱལ་སྟོན་རྫོགས་ལྡན་གཟའ་འཁོར་རིང་། གྲོང་ཚོས་ཡུལ་སྐོར་བར་སྣེ་ལེན་ཞུས་པའི་ཡོང་འབབ་མི་རེར་བགོས་ན་ཆ་སྙོམས་སྒོར་1100བྱུང་ཡོད”ཅེས་ཡུས་ཏེ་ཁྲུན་གྱིས་གསར་འགོད་པར་བཤད།
      

    ཕྱོགས་བསྡུས་གསར་འགྱུར།