འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་ནས་རྫོང་26གཅིག་སྡུད་ཐོག་དབུལ་སྒྲོལ་བྱུང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་03ཉིན། 11:27】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཧོ་པེ་ཞིང་ཆེན་དབང་ཏུའུ་རྫོང་དང། སི་ཁྲོན་ཞིང་ཆེན་ཀོང་ཨན་གྲོང་ཁྱེར་ཀོང་ཨན་ཆུས་སོགས་ཞིང་ཆེན་9ཡི་རྫོང་དབུལ་པོ་26བདེ་བླག་ངང་རྒྱལ་ཁབ་ཀྱི་ཆེད་དོན་དཔྱད་དཔོག་ཞིབ་བཤེར་ལམ་ལྷོངས་བྱུང་ནས་ཉེ་དུས་ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་གིས་རིམ་བཞིན་ཆོག་མཆན་སྤྲད་དེ་རྫོང་དབུལ་པོའི་མིང་གཞུང་ནས་ཕུད་རྒྱུ་ཡིན་པ་རེད།
          འདི་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་ཏང་ཙུའི་ཁོངས་མི་ཤཱ་ཀེང་ཧྲེང་གིས་ཚེས་1ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་དུ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་སྐབས་ཁྱབ་བསྒྲགས་བྱས་པ་ཞིག་རེད།
         དབུལ་སྒྲོལ་བྱུང་བའི་རྫོང་26ནི། ཧོ་པེ་ཞིང་ཆེན་གྱི་དབང་ཏུའུ་རྫོང་དང་། ཧའེ་ཤིང་རྫོང་། ནན་ཕི་རྫོང་བཅས་དང་། ཅང་ཤིས་ཞིང་ཆེན་གྱི་ཅི་ཨན་རྫོང་། ཧོ་ནན་ཞིང་ཆེན་གྱི་ཧྭ་རྫོང་། ཁྲུང་ཆིང་གྲོང་ཁྱེར་གྱི་དབན་ཀྲོའུ་ཆུས་དང་། ཆན་ཅང་ཆུས། ཝུའུ་ལུང་ཆུས། ཧྥེང་ཏུའུ་རྫོང་། ཤིའུ་ཧྲན་ཐུའུ་ཅ་རིགས་དང་མེའོ་རིགས་རང་སྐྱོང་རྫོང་བཅས། སི་ཁྲོན་ཞིང་ཆེན་གྱི་ནན་པུ་རྫོང་དང་ཀོང་ཨན་གྲོང་ཁྱེར་ཀོང་ཨན་ཆུས། ཀུའེ་ཀྲོའུ་ཞིང་ཆེན་གྱི་ཁྲི་ཧྲུའེ་གྲོང་ཁྱེར། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་གྱི་ཁྲེང་ཀོན་ཆུས་དང་། ཆབ་མདོ་གྲོང་ཁྱེར་གྱི་ཁ་རུབ་ཆུས། ཉིང་ཁྲི་གྲོང་ཁྱེར་གྱི་བྲག་ཡིབ་ཆུས། ལྷོ་ཁ་གྲོང་ཁྱེར་གྱི་སྣེ་གདོང་ཆུས། གྲོ་མོ་རྫོང་བཅས། མཚོ་སྔོན་ཞིང་ཆེན་རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་དང་། འབའ་རྫོང་། དུར་ལམ་རྫོང་བཅས། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་པ་ལི་ཧྲེན་ཧ་སག་རང་སྐྱོང་རྫོང་དང་། མིན་ཧྥེང་རྫོང་། ཁྲ་པུ་ཁྲའར་ཤི་པོ་རང་སྐྱོང་རྫོང་། ཐུའོ་ལི་རྫོང་། ཆིང་ཧོ་རྫོང་བཅས་ཡིན།
         ཤཱ་ཀེང་ཧྲེང་གིས་རྫོང་26དེའི་ཁྲོད་དབུས་རྒྱུད་ས་ཁུལ་གྱི་རྫོང་དབུལ་པོར་ཕྱོགས་བསྡུས་དབུལ་པོ་ཐོན་ཚད་ཚང་མ་2%ལས་དམའ་བ་ཡོད་པ་དང་། ནུབ་རྒྱུད་ས་ཁུལ་དུ་ཚང་མ་3%ལས་དམའ་བ། ནོར་ནས་ཕྱིར་ཕུད་ཚད་དང་དཔྱད་དཔོག་བྱ་རྒྱུར་ལུས་ཚད་ཚང་མ་2%ལས་དམའ་བ། མང་ཚོགས་ཀྱི་ཁས་ལེན་བྱེད་ཚད་ཚང་མ་90%ལྷག་ཙམ་ཟིན་པ་བཅས་ཡོད་པས་ཚང་མ་དབུལ་སྒྲོལ་གྱི་ཆ་རྐྱེན་འཛོམས་ཡོད་ཅེས་བཤད།
         2016ལོར་རྒྱལ་ཡོངས་སུ་ཁྱོན་རྫོང་དབུལ་པོ་28ཀྱིས་དབུལ་པོའི་མིང་གཞུང་ནས་འབུད་རྒྱུའི་རེ་ཞུ་བྱས་པ་དེའི་ཁྲོད་ཅང་ཤིས་ཞིང་ཆེན་གྱི་ཅིང་ཀང་ཧྲན་གྲོང་ཁྱེར་དང་། ཧོ་ནན་ཞིང་ཆེན་གྱི་ལན་ཁའོ་རྫོང་རྒྱལ་ཁབ་ཀྱི་ཆེད་དོན་དཔྱད་དཔོག་ཞིབ་བཤེར་སྔ་སྣུར་དུ་ལམ་ལྷོངས་བྱུང་ནས་འདི་ལོའི་ཟླ་2ཚེས་25ཉིན་དང་ཚེས་27ཉིན་སོ་སོར་ཞིང་ཆེན་རིམ་པའི་སྲིད་གཞུང་གིས་ཆོག་མཆན་སྤྲད་དེ་དབུལ་པོའི་མིང་གཞུང་ནས་ཕུད་ཡོད། མིག་སྔར་ཁྱོན་བསྡོམས་རྒྱལ་ཡོངས་ནས་རྫོང་དབུལ་པོ་28དབུལ་སྒྲོལ་ཐུབ་ཡོད།
         ཤཱ་ཀེང་ཧྲེང་གིས་ངོ་སྤྲོད་བྱས་པར་གཞིགས་ན། རྫོང་དབུལ་པོའི་མིང་གཞུང་ནས་འབུད་པར་རྫོང་རིམ་པས་རེ་བ་འདོན་པ་དང་། གྲོང་ཁྱེར་རིམ་པས་ཐོག་མའི་དཔྱད་ཞིབ་བྱེད་པ། ཞིང་ཆེན་རིམ་པས་ཞིབ་དཔྱད་དང་། ཡོངས་བསྒྲགས། ཞིབ་བཤེར་ཐག་གཅོད་བྱེད་པ་སོགས་གོ་རིམ་ཚང་མ་བརྒྱུད་དགོས། རྒྱལ་ཁབ་རིམ་པར་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གིས་ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཚན་དང་དེ་བཞིན་འབྲེལ་ཡོད་སྟོབས་ཤུགས་སྒྲིག་འཛུགས་བྱས་ནས་དབུལ་པོའི་མིང་གཞུང་ནས་འབུད་པའི་གནས་ཚུལ་ལ་ཆེད་དོན་དཔྱད་དཔོག་ཞིབ་བཤེར་བྱས་ཏེ་ཆ་རྐྱེན་མ་འཛོམས་པའམ་ཡང་ན་དབུལ་པོའི་མིང་གཞུང་ནས་འབུད་པའི་གོ་རིམ་ཚང་མ་བརྒྱུད་མེད་མཁན་རིགས་འབྲེལ་ཡོད་ས་གནས་ལ་ཞིབ་དཔྱད་ཐག་གཅོད་བྱ་རྒྱུའི་འགན་སྤྲོད་ཀྱི་ཡོད། དབུལ་པོའི་མིང་གཞུང་ནས་འབུད་པའི་ཆ་རྐྱེན་འཛོམས་པའི་རྫོང་དབུལ་པོ་ཡིན་ཕྱིན་ཞིང་ཆེན་རིམ་པའི་སྲིད་གཞུང་གིས་དངོས་སུ་ཆོག་མཆན་སྤྲད་དེ་དབུལ་པོའི་མིང་གཞུང་ནས་འབུད་རྒྱུ་རེད།
         “དབུལ་པོའི་མིང་གཞུང་ནས་འབུད་ཐུབ་པ་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱང་སྐྱོད་ལམ་བུའི་ཐོག་གི་དུས་མཚམས་རང་བཞིན་གྱི་རྒྱལ་ཁ་ཐོབ་པ་ཞིག་ཡིན། དབུལ་པོར་བསྐྱར་ལོག་མི་བྱེད་པ་བྱ་ཆེད། གོམ་སྟབས་རྗེས་མར་ད་དུང་རྫོང་དབུལ་པོ་དག་དབུལ་པོའི་མིང་གཞུང་ནས་འབུད་རྗེས་ཀྱི་མུ་མཐུད་རོགས་སྐྱོར་དང་། ལྟ་སྐུལ་དོ་དམ། སྲ་བརྟན་མཐོར་གཏོང་བཅས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས། དབུལ་པོའི་མིང་གཞུང་ནས་འབུད་པའི་རྫོང་དབུལ་པོར་དབུལ་སྒྲོལ་འགག་སྒྲོལ་བྱེད་རིང་གི་རྒྱལ་ཁབ་ཀྱི་དེ་སྔའི་དབུལ་སྐྱོར་སྲིད་ཇུས་མུ་མཐུད་ལག་ལེན་བསྟར་རྒྱུ་རེད”ཅེས་ཁོང་གིས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།